༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཁྲིམས་ལུགས་རིག་པ་བ་ལས་དོ་ཟླ་བ་ཆོས་སྒྲོན་ལགས་ཕྱི་ལོ་ ༢༠༢༢ ཟླ་ ༠༡ ཚེས་ ༥ ཉིན་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་དུ་བསྐོ་བཞག་བྱུང་སྟེ། དེ་རིང་སྔ་དྲོའི་ཚོུད་ ༡༠ པ་ཐོག་དྲ་སྣང་ (virtual) བརྒྱུད་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་ཡོན་ཏན་མཆོག་གི་མདུན་དུ་ལ་དྭགས་ཁྲིམས་དྲུང་གསར་པ་ཟླ་བ་ཆོས་སྒྲོན་ལགས་ནས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༥༦ [ཅ] ནང་གསལ་ས་གནས་ཁྲིམས་དྲུང་གི་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་ཡོད།
ལ་དྭགས་ས་གནས་ཁྲིམས་དྲུང་བློ་བཟང་ལགས་ཟླ་ ༡ ཚེས་ ༡༡ ནས་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་གནས་སྤོས་དང་། བྱང་ཕྱོགས་ས་གནས་ཁྲིམས་དྲུང་ཕུན་ཚོགས་དཔལ་ལྡན་ལགས་ཟླ་ ༡ ཚེས་ ༡༧ ནས་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་གནས་སྤོས། ལྷོ་ཕྱོགས་ས་གནས་ཁྲིམས་དྲུང་ཕུན་ཚོགས་སྒྲོལ་མ་ལགས་ཟླ་ ༡ ཚེས་ ༢༤ ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་གནས་སྤོས་བཅས་ཁོངས་སོ་སོར་ལས་འགན་བཀོད་སྒྲིག་གནང་ཡོད་པའི་གསར་འགྱུར་སྙིང་བསྡུས་སུ། །