༄༅། །བྲག་མགོ་རྫོང་ཁོངས་སུ་རྟེན་གཞི་བྱས་པའི་གནས་ནང་དགོན་པའི་གྲྭ་བསྟན་འཛིན་ནོར་བུ་ལགས་དང་དབང་ཆེན་ཉི་མ་ལགས་ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༥ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་རྟའུ་རྫོང་གི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱེད་བཞིན་པའི་གནས་ཚུལ་ཐོན་ཡོད་ཀྱང་འབྲེལ་ཡོད་ཚོས་གནས་ཚུལ་ཕྱིར་བསྒྲགས་བྱས་ན་ཁོང་གཉིས་ལ་ཕན་ཐོགས་མེད་པའི་བསམ་ཚུལ་བྱུང་ནས་ད་བར་ཕྱིར་བསྒྲགས་བྱས་མི་འདུག
དེ་ཡང་ཁོང་གཉིས་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་སོགས་གསལ་པོ་ཤེས་ཀྱི་མེད་ནའང་གྲྭ་དབང་ཆེན་ཉི་མ་ལགས་ཀྱིས་ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་ཐད་སློབ་གསོ་སྤེལ་བའི་རྐྱེན་གྱིས་དེ་སྔ་འཛིན་བཟུང་བྱས་མྱོང་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ཙམ་ལ་རྒྱ་ནག་གཞུང་གིས་དགོན་པ་དེའི་སློབ་གྲྭ་སྒོ་བརྒྱབ་བཅུག་པའི་དོན་རྐྱེན་དང་འབྲེལ་ནས་ཁོང་གཉིས་ཀྱི་སྤུན་ཨོ་རྒྱན་ཆོས་གྲགས་ལགས་ཀྱང་འཛིན་བཟུང་བྱས་མྱོང་ཡོད།
གྲྭ་བསྟན་འཛིན་ནོར་བུ་ལགས་དང་དབང་ཆེན་ཉི་མ་ལགས་ནི་བྲག་མགོ་རྫོང་ཁོངས་སུ་རྟེན་གཞི་བྱས་པའི་གནས་ནང་དགོན་པའི་དགོན་བདག་སྤྲུལ་སྐུ་ཆོས་ཀྱི་ཉི་མ་ལགས་ཀྱི་ཚ་བོ་ཡིན།
ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༨ ཉིན་གྱི་དགོང་དྲོར་དགོན་པའི་འདུ་ཁང་རྙིང་པ་ཞིག་ཡོད་པ་དེར་མེ་ཤོར་ནས་མཁན་པོ་ཐུབ་བསྟན་ལགས་དང་བུ་ཀྱོ་ལགས་མེ་སྐྱོན་ཁྲོད་འདས་གྲོངས་སུ་གྱུར་ཡོད་པ་དང་། ཡུལ་མིའི་ཁྲོད་དོན་རྐྱེན་དེ་ནི་རྒྱ་ནག་གཞུང་གིས་བྱས་ཡོད་པའི་དྭོགས་པ་བྱེད་མཁན་མང་པོ་ཡོད་འདུག
གཞན་ཡང་རྒྱ་ནག་གཞུང་གིས་བྲག་མགོ་དགོན་པའི་རྭ་བའི་ནང་ཡོད་པའི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་ཕི་ཀྲི་ ༣༠ ཅན་ཞིག་ཡོད་པ་དེ་གཏོར་བཤིག་བཏང་ཡོད་པ་མ་ཟད། ད་ལྟའི་ཆར་དགོན་པའི་གྲྭ་ཤག་ཀྱང་གཏོར་བཤིག་གཏོང་བཞིན་ཡོད།
ཕྱོགས་མཚུངས་རྒྱ་ནག་གཞུང་གིས་གྲོང་སྡེ་ཁ་ཤས་ནང་བྱ་གསོ་ཁང་དང་ཕག་གསོ་ཁང་བརྒྱབ་དགོས་ལུགས་ཀྱིས་ངན་བསླབ་རྒྱག་བཞིན་པ་དང་། དེར་མོས་མཐོན་མ་བྱས་ཚེ་དངུལ་འབོར་ཆེན་གྱི་ཉེ་ཆད་དང་བཙོན་འཇུག་ཁྲིམས་ཐག་གཅོད་རྒྱུ་ཡིན་ལུགས་སོགས་བརྗོད་ནས་འཇིགས་བསྐུལ་དང་བཙན་བཀའ་གཏོང་བཞིན་ཡོད་པ་མ་ཟད། དགོན་པའི་ནང་བསྟན་སློབ་གྲྭ་གཏོར་ཤུལ་དུ་ཡང་བྱ་ཕག་གསོ་ས་ཞིག་བརྒྱག་འཆར་ཡོད།
རྒྱ་ནག་གཞུང་གི་ད་ལྟའི་ཆར་བྲག་མགོ་ཡུལ་མི་མང་པོར་སློབ་གསོ་དང་སྦྱོང་བརྡར་སོགས་ལ་ཁ་གཡར་ཏེ་འཛིན་བཟུང་བྱེད་བཞིན་ཡོད་པ་དང་། མི་མང་པོ་ཞིག་ལ་རྣམ་འགྱུར་མི་ལེགས་པ་དང་ཏང་གི་སློབ་གསོ་ལ་དང་ལེན་མེད་ལུགས་བཤད་ནས་རྡུང་རྡེག་གནར་གཅོད་ཚད་ལས་བརྒལ་བ་བཏང་དང་གཏོང་མུས་སོགས་ལ་བརྟེན་ནས་མི་ཁ་ཤས་དྲན་མེད་དུ་བརྒྱལ་བ་དང་། གྲྭ་བ་ཅིག་གི་མིག་ལའང་གནོད་སྐྱོན་ཚབ་ཆེ་ཕོག་ཡོད།
ཕྱི་ཟླ་ ༡༡ ནས་བཟུང་རྒྱ་ནག་གཞུང་གི་སློབ་གསོ་དང་ཡར་རྒྱས་སོགས་ལ་བསྙད་དེ་མི་མང་ལ་མི་སྤྱོད་ལས་འདས་པའི་གཉའ་གནོན་དང་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་མུས་རེད་འདུག །