༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༡ ཚེས་ ༢༠ རེས་གཟའ་ཕུར་བུ་ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༩༥ དེ་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་བསྟན་འཛིན་ཀུན་བཟང་ལགས་དང་། སྨན་པ་ཚེ་རིང་མཚམས་གཅོད་ལགས། སྨན་པ་བསྟན་འཛིན་རྣམ་གྲོལལགས་གསུམ་གྱིས་སྤེལ་གནང་སོང་།
དེ་ཡང་ཐོག་མར་འཕྲོད་བསྟེན་ཟུང་དྲུང་བསྟན་འཛིན་ཀུན་བཟང་ལགས་ཀྱིས་གསུང་དོན། སྤྱིར་འཛམ་གླིང་ཡུལ་གྲུ་གང་སར་དང་། ལྷག་པར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཕོག་པའི་གྲངས་འབོར་མང་དུ་འགྲོ་བའི་གནས་སྟངས་རེད་འདུག མི་སྒེར་གྱིས་སོ་སོའི་ཐུགས་འགན་བཞེས་པའི་ཐོག་ནས་སྨན་ཁང་དུ་བསྟེན་པ་དང་བརྟག་དཔྱད་བྱས་པ་སོགས་སོ་སོའི་ངོས་ནས་གང་ཐུབ་ཅི་ཐུབ་ཀྱིས་སྣང་མེད་གཏོང་རྒྱུ་མེད་པ་གལ་ཆེན་པོ་རེད་འདུག འོན་ཀྱང་ཚོགས་པ་དེ་ཚོར་སྟངས་འཛིན་གནང་མཁན་འགན་འཛིན་ལོགས་སུ་ཡོད་པར་བརྟེན། ཚོགས་པའི་ནང་ཏོག་ནད་ཕོག་མཁན་ཡོད་ན། ཚང་མས་འཛེམ་ཟོན་མེད་པར་བརྟག་དཔྱད་གནང་རྒྱུའི་ཐུགས་སྣང་བཞེས་དགོས། ད་ལྟའི་ཆར་དགེ་རྒན་དང་ལས་བྱེད། དེ་བཞིན་སློབ་ཕྲུག་རྣམས་རང་ཁྱིམ་དུ་གུང་གསེང་ལ་ཕེབས་པའི་དུས་དང་དགུན་ཚོང་ནས་རང་ཁྱིམ་དུ་ལོག་པའི་དུས་ཚོད་རེད། འདས་ལོར་ཕྱི་ལོགས་ནས་ཕེབས་མཁན་ཁ་ཤས་ཀྱིས་ཟུར་བཀག་སྡོད་རྒྱུའི་ཁྲིམས་ཏག་ཏག་མ་འཁུར་བའི་རྐྱེན་གྱིས་སོ་སོའི་ནང་མི་སྤུན་མཆེད་སོགས་ལ་དཀའ་ངལ་ཆེན་པོ་འཕྲད་པ་བྱུང་ཡོད་པར་བརྟེན། ཕྱི་ལོགས་ནས་ཕེབས་མཁན་ཚང་མའི་ངོས་ནས་གཟབ་གཟབ་གནང་དགོས་པ་དང་། གཞིས་ཆགས་ཀྱི་ནང་དུ་སྡོད་མཁན་ཡིན་རུང་སོ་སོའི་ངོས་ནས་ཐུགས་འགན་བཞེས་པའི་ཐོག་ཉིན་གྲངས་ ༧ དང་ ༡༠ རྗེས་སུ་ཐུག་པར་ཕེབས་པ་སོགས་སྔོན་འགོག་གི་ཐབས་ལམ་ལག་བསྟར་དང་། སྔོན་ཁབ་རྒྱག་དགོས། ཞེས་སོགས་གསུངས།
དེ་རྗེས་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་ས་གནས་ཁག་ ༡༤ དང་བལ་ཡུལ་ནང་གི་ས་གནས་ ༤ ནང་གི་བོད་མི་གྲངས་ ༤༥༠ རང་ཁྱིམ་དུ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། ཚོགས་སྡེ་ཁག་གི་མཐུན་འགྱུར་འོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༢༥༡ བཅས་ཁྱོན་བསྡོམས་བོད་མི་གྲངས་ ༧༠༡ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད། གཞན་ཡང་ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༡༦ དང་བལ་ཡུལ་ནང་གི་ས་གནས་གྲངས་ ༤ ཡི་བོད་མི་གྲངས་ ༡༥༥༡ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། དེ་བཞིན་འདས་པའི་བདུན་ཕྲག་ནང་ཏོག་དབྱིབས་ནད་གཞི་ཕོག་མཁན་མི་གྲངས་ ༦༠ ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སློབ་གསོ་གནང་ཐུབ་པ་བྱུང་འདུག
དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་ལོ་ན་ ༡༨ ཡན་གྲངས་ ༤༩༡༦༧ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབ་ཟིན་པ་དང་། མི་གྲངས་ ༡༠༩༠ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན། ཕྱོགས་མཚུངས་བལ་ཡུལ་ནང་བོད་མི་རང་ལོ་ ༡༨ ཡན་མི་གྲངས་ ༦༩༩༠ ལ་སྔོན་འགོག་སྨན་ཁབ་ཆ་ཚང་ཐོབ་ཡོད།
གཞན་ཡང་རྒྱ་གར་ནང་རང་ལོ་ ༡༥ ནས་ ༡༧ བར་གྱི་བྱིས་པ་ ༡༡༨༨ དང་བལ་ཡུལ་ནང་བྱིས་པ་གྲངས་ ༤༦ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དེ་བརྒྱབ་ཟིན་པ་མ་ཟད། སྨན་པ་དང་འཕྲོད་ལས་པ། མདུན་ཐོན་གདོང་ལེན་པ་བཅས་ཁྱོན་མི་གྲངས་ ༣༨༥ དང་། རང་ལོ་ ༦༠ ཡན་གྱི་རྒན་རྒོན་གྲངས་ ༡༦༧༣ ལ་ནུས་སྤར་སྔོན་ཁབ་བརྒྱབ་ཟིན། འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་གྲངས་ ༤༧༤ ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༢༤༧ དང་། བུད་མེད་གྲངས་ ༢༢༧ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ལོ་ ༩༦ དང་ཆུང་ཤོས་དེ་བྱིས་པ་ཟླ་བ་དགུ་ཡིན།
ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༧༩༦༣ དང་། དྲག་སྐྱེད་བྱུང་བ་མི་གྲངས་ ༧༡༤༤། འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༦༩། ད་ལྟ་གསོ་བཅོས་བྱེད་བཞིན་པ་མི་གྲངས་ ༦༥༧ ཡོད། ཅེས་དང་།
གཞན་ཡང་དེང་སྐབས་མི་རེ་བཟུང་གིས་ཚོང་སོགས་ལ་དམིགས་ནས་སྨན་པ་དང་སྨན་མིང་རྫུན་མ་རིགས་འཐོན་སྲིད་པར་བརྟེན་མང་ཚོགས་ནས་དེ་དག་ཐོག་སྤྱང་གྲུང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། སྨན་པ་དང་སྨན་རྫུན་མའི་སྐོར་དོགས་གཞི་ཡོད་ཚེ་ས་གནས་ཀྱི་འབྲེལ་ཡོད་སྨན་ཁང་དང་སྨན་པར་འབྲེལ་བ་གནང་རོགས། དེ་མིན་སྨན་དང་འབྲེལ་བའི་ཚོགས་སྡེ་ཁག་སྟེ་སྨན་རྩིས་ཁང་གི་སྨན་དང་འབྲེལ་བའི་དོགས་གཞི་ཡོད་ན་དབུས་བོད་ཀྱི་སྨན་རྩིས་ཁང་དང་། དེ་བཞིན་ལྕགས་པོ་རི་དྲན་རྟེན་སྨན་རྩིས་ཁང་། ཝར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་། སྒེར་གཉེར་སྨན་སྦྱོར་ཁང་ཚད་ལྡན་གྱི་སྨན་བཅས་ལ་དོགས་གཞི་ཡོད་ན་ཚོགས་སྡེ་ཁག་དེ་དག་ལ་འབྲེལ་བ་གནང་རྒྱུ་དང་། གཞན་ཡང་སྨན་པ་དང་སྨན་རྫུན་མའི་ཐོག་དོགས་གཞི་ཡོད་ན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ལ་ཐད་ཀར་འབྲེལ་བ་གནང་ན་འདི་ནས་ལམ་སྟོན་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་གྲུབ་མཚམས་རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་ལམ་སྟོན་གནང་དོན། ད་ལྟའི་ཆར་སྨན་ཁང་ཁག་ཏུ་ཏོག་དབྱིབས་ནད་པ་མང་པོ་ཡོད་པར་བརྟེན་ནད་པ་ཛ་དྲག་ཡིན་ན་མ་གཏོགས་སྨན་ཁང་དུ་མ་ཕེབས་ན་བཟང་བ་ཡོད། ནད་རྟགས་ཐོན་པ་ནས་བཟུང་ཉིན་གྲངས་ ༧ ནས་ ༡༠ བར་རང་ཁྱིམ་དུ་ཟུར་བཀག་བཞུགས་ཡོད།
ཉིན་རེར་ཚ་བ་དང་སྲོག་རླུང་བརྟག་དཔྱད་བྱེད་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད། ཚ་བ་འབར་བ་དང་སྲོག་རླུང་སོགས་ཀྱི་དཀའ་ངལ་བྱུང་ན་སྨན་ཁང་དུ་བསྟེན་དགོས་པ་མ་ཟད། སྨན་རྣམས་དུས་ཐོག་མཆོད་དགོས། ལྷག་པར་ཁ་རས་གྱོན་པ་སོགས་སྔོན་འགོག་གི་ཐབས་ལམ་རྣམས་ངེས་པར་དུ་ལག་བསྟར་གནང་དགོས་པ་སོགས་ཀྱི་ལམ་སྟོན་གནང་སྟེ་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༩༥ དེ་མཇུག་སྒྲིལ་གནང་ཡོད། །