༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེ་ཚེ་དབང་དངོས་གྲུབ་ལགས་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ནས་བགྲེས་ཡོལ་སྔ་སྣུར་ཕེབས་རྒྱུ་ཡིན་པ་དང་། དེ་བཞིན་དཔལ་ལྡན་བཀའ་ཤག་ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་འཕར་བསོད་ནམས་རྡོ་རྗེ་ལགས་དྲུང་ཆེ་གནས་རིམ་དུ་གནས་སྤར་གྱིས་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༡༩ ཉིན་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེའི་ལས་གནས་ཐོག་ལས་བཅར་ཞུ་དགོས་པའི་ལས་འགན་བཀོད་སྒྲིག་གནང་ཡོད་ཀྱང་། དུས་ཐོག་ལས་བཅར་ཐུབ་ཀྱི་མེད་པར་སོང་། དེ་རིང་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ནས་འགོ་འཛུགས་ཀྱིས་སྤྲོད་དཔང་སྤྱི་འཐུས་རྒྱུན་ལས་ནས་བསྐོ་གཞག་གནང་བའི་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་ལགས་དབུ་བཞུགས་ཐོག་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེ་ཚེ་དབང་དངོས་གྲུབ་ལགས་དང་། དྲུང་འཕར་ཚེ་བརྟན་སྐལ་བཟང་ལགས་གཉིས་དབར་ཚོགས་དྲུང་ལས་ཁུངས་ཀྱི་གཞུང་འབྲེལ་ཡིག་ཆ་ཁག་དང་། འཛིན་ཆས་སོགས་རྩིས་སྤྲོད་རྩིས་ལེན་གནང་ཡོད།དེ་ཡང་ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས་ནི། ཕྱི་ལོ་ ༡༩༦༨ ཟླ་ ༨ ཚེས་ ༡༤ ཉིན་རྡོར་གླིང་དུ་སྐྱེས་ཤིང་། ཀ་སྦུག་གཞི་རིམ་སློབ་གྲྭ་ཐོན་རྗེས་ཤེས་བྱ་དུས་དེབ་བརྒྱུད་ལས་བྱེད་བདག་གཉེར་ཁང་ (ད་ལྟ་ལས་བྱེད་འདེམས་བསྐོ་ལྷན་ཁང་) ནས་རྩིས་པའི་ས་མིག་ཐོག་ལས་བྱེད་གསར་འདེམས་གསལ་བསྒྲགས་གནང་དོན་ལྟར་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༡༩༨༨ ཟླ་ ༧ ནས་ ༡༢ བར་ཟླ་དྲུག་རིང་རྩིས་ཀྱི་ཟབ་སྦྱོང་གོ་སྐབས་ཐོབ། ཟབ་སྦྱོང་རྗེས་སླར་ཡང་འདེམས་རྒྱུགས་ཀྱིས་འདེམས་ཐོན་བྱུང་བ་བཞིན་ཕྱི་ལོ་ ༡༩༨༩ ཟླ་ ༢ ཚེས་ ༡༨ ནས་གནས་དགུ་པ་གཞོན་དྲུང་གནས་རིམ་ཐོག་ཨོ་རི་ས་ཕུན་ཚོགས་གླིང་བཟོ་གྲྭའི་རྩིས་པར་བསྐོ་གཞག་གནང་།
ཕྱི་ལོ་ ༡༩༩༣ ཟླ་ ༤ ཚེས་ ༣ ནས་སྦན་ད་ར་མཉམ་འབྲེལ་གྱི་རྩིས་པ་དང་། ཕྱི་ལོ་ ༡༩༩༨ ཟླ ༦ ཚེས་ ༡ ནས་རྡ་ས་བདེ་དོན་ལས་ཁུངས་(ད་ལྟ་རྡ་ས་ས་གནས་འགོ་འཛིན་ལས་ཁུངས།) ཀྱི་ལས་དྲུང་། ཕྱི་ལོ་ ༡༩༩༩ ཟླ་ ༢ ཚེས་ ༨ ནས་དྲུང་ལས་གནས་རིམ་ཐོག་གནས་སྤར་གྱིས་ལས་བྱེད་འདེམས་བསྐོ་ལྷན་ཁང་དུ་གནས་སྤོས། ཕྱི་ལོ་ ༢༠༠༠ ཟླ་ ༧ ཚེས་ ༢༤ ནས་ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྩིས་པ། ཕྱི་ལོ་ ༢༠༠༢ ཟླ་ ༧ ཚེས་ ༡༡ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གནང་སྟེ་ཤེས་རིག་ལས་ཁུངས་སུ་གནས་སྤོས་ཀྱིས་རྩིས་ཁང་འགན་འཛིན། ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༧ ནས་སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༡ ནས་ལྡི་ལི་བོད་སློབ་འཛིན་ཚོགས་འཛིན་སྐྱོང་རྩིས་ལེན་གྱི་ལས་གཞིའི་ཟུང་དྲུང་། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༣ ནས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ཕྱི་ཟླ་ ༧ ཚེས་ ༢༧ ནས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༠ ནས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་འཕར། ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡ ནས་དྲུང་ཆེའི་གནས་རིམ་ཐོག་གནས་སྤར་གྱིས་ལོ་དེའི་ཕྱི་ཟླ་ ༣ ཚེས་ ༥ ནས་ ༢༠༢༢ ཟླ་ ༡ ཚེས་ ༢༤ བར་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེའི་ལས་གནས་ཀྱི་ཐུགས་འགན་བཞེས་གནང་ཡོད། མདོར་ན་ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས་ཀྱིས་ཕྱི་ལོ་ ༡༩༨༩ ཟླ་ ༢ ཚེས་ ༡༨ ནས་ད་བར་ཁྱོན་མི་ལོ་ཧྲིལ་པོ་ ༣༣ ཙམ་གྱི་རིང་། ཐེག་པ་རིམ་འཛེགས་ཀྱིས་བོད་མིའི་སྒྲིག་འཛུགས་དབུས་ས་གཉིས་སུ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུས་གནང་ཡོད་པ་བཅས། །