༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་ཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༠༡ ཚེས་ ༠༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦ ཙམ་ལ་ཨ་རིའི་མེ་སི་ཆུ་སིའི་སྨན་ཁང་དུ་སྐུ་ཚེ་མ་ཟིན་པ་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཐུག་ཕམ་དང་སྦྲགས། དམ་པ་ཁོང་གི་ཚེ་རབས་ཕྲེང་བར་བསགས་པའི་སྡིག་སྒྲིབ་བྱང་ཞིང་དག་ནས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་འཐོབ་པའི་སྨོན་ལམ་གསོལ་འདེབས་ཞུ་ཕྱིར་ཕྱི་ལོ་ ༢༠༢༢ ཟླ་ ༠༡ ཚེས་ ༠༤ ཕྱེད་ཡོལ་ཆུ་ཚོད་ ༠༢ ཐོག་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་ས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་ཞིག་ཚོགས་གནང་ཡོད།སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། དེ་རིང་འདིར་མཆོད་འབུལ་སྨོན་ལམ་འཚོགས་དགོས་པའི་རྒྱུ་མཚན་གཙོ་བོ་ནི། སྐབས་བཅུ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་ཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ་མཆོག་ཁ་སང་ཨ་རིའི་མངའ་སྡེ་མེ་ས་ཆུ་སེཊ་(Massachusetts) ནང་འདས་གྲོངས་སུ་གྱུར་འདུག ང་ཚོས་དམ་པ་ཁོང་གི་ནང་མི་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་བ་དང་ཆབས་ཅིག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་ཁོང་གི་སྐྱེ་བ་ཕྱི་མ་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་སྐྱེ་བའི་གསོལ་བ་སྨོན་ལམ་འདེབས་རྒྱུ་ཡིན། ཞེས་གསུང་བཤད་གནང་རྗེས་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་དམ་པ་དེ་ཉིད་ཀྱི་ལོ་རྒྱུས་སྒྲོགས་སྦྱང་གནང་། སྨོན་ལམ་གྲུབ་མཚམས་ཉིན་རྒྱབ་ཆུ་ཚོད་ ༣ ནས་གཞུང་འབྲེལ་མྱ་ངན་གུས་འདུད་མཚོན་ཕྱིར་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ཡོད།
དེ་ཡང་དམ་པ་ཁོང་ནི། ཕྱི་ལོ་ ༡༩༤༢ ལོར་ཕ་ནམ་མཁའ་རྡོ་རྗེ་ལགས་དང་། མ་སྒྲོལ་དཀར་ལགས་གཉིས་ཀྱི་སྲས་སུ་འཁྲུངས་པ་དང་། ཕ་ཡུལ་སྒ་བ་ཡུལ་ཤུལ་ཁྲི་འདུ་ནས་ཡིན་ཞིང་། ཁོང་གིས་བོད་ཡིག་སློབ་སྦྱོང་གནང་རྗེས་དྲག་པོ་དམག་གི་སློབ་སྦྱོང་ཡང་གནང་མྱོང་ཡོད། ཁོང་གིས་མཻ་སུར་སྦེལ་ཀོབ་ལུགས་བསམ་གཞིས་གྲོང་གཉིས་པའི་སྤྱི་མི་དང་མཉམ་སྦྲེལ་འགན་འཛིན་ཚོགས་མི། ས་གནས་མདོ་ཁམས་ཆུ་སྒང་གི་རྒྱུན་ལས། སྐབས་བདུན་པ་དང་སྐབས་བརྒྱད་པའི་བོད་མི་མང་སྤྱི་འཐུས་སུ་འོས་འདེམས་བྱུང་བ་དང་། ལྷག་པར་སྐབས་བཅུ་པའི་སྐབས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པར་བདམས་ཐོན་བྱུང་བ་དང་། དེ་རྗེས་སྐབས་བཅུ་གཅིག་པའི་མདོ་སྟོད་སྤྱི་འཐུས་ལའང་བདམས་ཐོན་བྱུང་ཡོད་འདུག་པ་བཅས། །