བཀའ་ཤག་གི་ཡོངས་ཁྱབ་གཞེན་སྐུལ།
༄༅། །རྒྱ་གཞུང་གིས་བོད་ཡུལ་བཙན་བཟུང་བྱས་ཏེ་མི་ལོ་ ༦༡ ལྷག་འདས་ཟིན་པའི་ད་ལྟའི་དུས་འདིར། བོད་ནང་འཆར་གཞི་ལྡན་པའི་སྒོ་ནས་བོད་མི་རིགས་ཀྱི་ངོ་བོ་རྩ་གཏོར་གཏོང་བའི་སྲིད་ཇུས་གདུག་རྩུབ་ཅན་རྒྱུན་ཆགས་སུ་ལག་བསྟར་བྱེད་བཞིན་པ་དང་། བཙན་བྱོལ་ནང་བོད་མི་རྣམས་འཛམ་གླིང་ཡུལ་ལུང་བཅུ་ཕྲག་དུ་མའི་ནང་འཐོར་གྱར་དུ་སོང་སྟེ། དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་པའི་གདོང་ལེན་བྱེད་སྒོ་རུ་འཛིང་ནས་ཡོད་ནའང་། གཞིས་བྱེས་གཉིས་ཚེ་སྲོག་གི་ཕུང་པོ་གཅིག་ཏུ་དྲིལ་བའི་སྤུན་ཟླའི་འདུ་ཤེས་ཉམས་མེད་ཐོག སྤྱི་སྒེར་གྱི་ལས་དོན་ཅི་རིགས་ཐོག་ཁུར་འཁྲིའི་ལས་འགན་ངོས་འཛིན་འཕྱུགས་མེད་ཀྱི་སྒོ་ནས་རང་ནུས་རྩལ་སྤྲུགས་ཀྱིས་དཀའ་སྤྱད་འབད་འབུངས་ལྷོད་མེད་གནང་དང་གནང་བཞིན་པའི་ཚུལ་འདིར་བསམས་ན། གཞིས་ལུས་བོད་མི་རྣམས་ཀྱི་ལ་རྒྱའི་དབུ་འཕང་དགུང་ལ་འདེགས་པའི་སེམས་ཤུགས་ཀྱི་རྒྱབ་རྟེན་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྐྱ་སེར་ཕོ་མོ་ཐམས་ཅད་དམ་ཚིག་གཟོང་ཁ་གཅིག་ཏུ་བསྒྲིལ་ཏེ་སྤྱི་དོན་ཐོག་ནུས་པ་མཉམ་སྤུངས་བགྱིས་པའི་ཉེར་ལེན་གྱིས་ཡིན་པ་གོར་མ་ཆག་ཅིང་། མ་འོངས་པར་བོད་མི་ཐུན་མོང་གི་ཕུགས་དམིགས་སུ་གོམ་པ་མདུན་སྤོ་བྱེད་པའི་རྨང་གཞིའང་འདི་ཉིད་ཡིན་ངེས་པས། ང་ཚོས་ཆིག་སྒྲིལ་གྱི་སྟོབས་ཤུགས་འདིའི་དགེ་མཚན་རྣམས་དྲན་ཡུལ་ནས་ཡུད་ཙམ་ཡང་བརྗེད་མེད་སྙིང་བཅངས་དགོས་ངེས།
ཡིན་ནའང་། བློ་ཕྱི་གཏོད་བྱེད་མཁན་རེ་ཟུང་ཞིག་གིས་སྤྱི་ཚོགས་དྲ་ལམ་དུ་གཞི་མེད་དཀྲོག་གཏམ་དང་དཀྲུག་ཤིང་གིས་གཏམ་སྤྱོད་འདྲ་མིན་སྤེལ་བཞིན་པ་མ་ཟད། ཐ་ན་གཞིས་བྱེས་བོད་མི་ཡོངས་ཀྱི་འདི་ཕྱིའི་མགོན་སྐྱབས་དང་མཚོན་རྟགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལའང་ཟུར་ཟ་དང་། དམའ་འབེབས། མཚན་དམོད་ཀྱི་སྡིག་ལས་ཚབས་ཆེན་རྩོམ་པ་ནི། ཆོས་དང་འཇིག་རྟེན་གཉིས་ཐད་ནས་མ་རུང་བའི་ལས་ཡིན་པས། ངན་སྤྱོད་དེ་རིགས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ་ནན་བརྗོད་བྱ་རྒྱུ། ཅི་སྟེ། དེ་དག་གིས་ད་དུང་མུ་མཐུད་༸གོང་ས་མཆོག་ལ་མཚན་དམོད་དང་། སྤྱི་ཚོགས་དཀྲུག་གཞིའི་གཏམ་སྤྱོད་སྤེལ་ཚེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམོད་ཞུ་མཁན་གང་ན་སུ་ཡོད་ལ་གདོང་ལེན་བྱ་རྒྱུའི་བཀའ་ཤག་གི་ལངས་ཕྱོགས་གཞིར་བཟུང་དགོས་ངེས་ཀྱི་བྱེད་ཐབས་རྩོམ་གྱི་ཡིན་པས། ཡོལ་རྒྱབ་ཀྱི་ངན་མཚང་བརྟོལ་བའི་རྗེས་འབྲས་རང་ཐོག་ཏུ་ལྷུང་སྐབས་ཀྱི་གནས་སྟངས་ཇི་འབྱུང་སྔོན་ཚུད་བསམ་ཞིབ་ཐུབ་དགོས་པའི་སྔོན་བརྡ་གཏོང་གི་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམོད་ཞུས་པ་ཙམ་གྱིས་ཁོང་གི་མཚན་སྙན་ལ་གནོད་སྐྱོན་འགྲོ་གཞི་མེད་པ་ཀུན་གསལ་ཡིན་ནའང་། མགོན་པོ་གང་ལ་རེ་བའི་མིག་འབུར་གཏོད་མཁན་གཞིས་བྱེས་བོད་མི་དང་། མགོན་པོ་གང་ལ་དད་དམ་གཡོ་བ་མེད་པའི་རྗེས་འཇུག་པ་རྣམས་ཀྱི་སེམས་ཚོར་ལ་དོ་ཕོག་གཏོང་གི་ཡོད་པ་མ་ཟད། གནས་ཚུལ་རྒྱུས་ལོན་མེད་མཁན་ཚོར་དངོས་དོན་ཇི་བཞིན་རྟོགས་པར་འགོག་རྐྱེན་བཟོ་གི་ཡོད་པ་དང་། བོད་མིའི་གོང་བུའི་ནུས་པ་གཏོར་བཤིག་གཏོང་གི་ཡོད་པས་རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་དཀྲོག་གཏམ་དང་དཀྲུག་ཤིང་གི་རྗེས་སུ་མི་འབྲངས་པ་དང་། ངན་གཡོའི་སྡིངས་ཆ་ཡ་མེད་དུ་འཇོག་སླད། གཞི་མེད་གཏམ་འཆལ་དེ་ རིགས་ལ་ལྟ་ཉན་མི་བྱེད་པ་དང་། བརྒྱུད་བསྐུར་དེ་བས་ཀྱང་མི་བྱེད་པའི་ཆོད་སེམས་བཅངས་ཏེ་འཛིན་སྐྱོང་དང་འབྲེལ་བའི་དྲི་བ་དང་བློ་དོགས་རྣམས་བོད་མིའི་སྒྲིག་འཛུགས་ལ་ཐད་ཀར་འབྲེལ་གཏུགས་གནང་གལ་བཅས་ཀྱི་ཡོངས་ཁྱབ་གཞེན་སྐུལ་དུ། བཀའ་ཤག་གིས་ཕྱི་ལོ་ ༢༠༢༢ ཟླ་ ༠༡ ཚེས་ ༡༩ ལ། །