༄༅། །དཔལ་ལྡན་བཀའ་ཤག་ནས་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༣ འཁོད་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ལས་ཁུངས་རྣམས་ཀྱི་ཁྱབ་ཁོངས་ས་གནས་ཁག་ལ་བོད་ཀྱི་ཆོས་རིག་ངོ་སྤྲོད་བྱ་སྒོ་སྤྱི་དང་། ཁྱད་པར་ས་གནས་དེ་དག་ལ་གནས་པའི་ཕྱི་ནང་དོན་གཉེར་ཅན་རྣམས་ལ་ནང་པའི་ལྟ་གྲུབ་སློབ་འཁྲིད། ཆོས་ཕྱོགས་ཀྱི་མཛད་སྒོ་དང་འདུ་འཛོམས་ཁག་ལ་གཙོ་སྐྱོང་དང་མཉམ་ཞུགས། གཞན་ཡང་ས་གནས་ཀྱི་ནང་པ་ནང་ཁུལ་དང་ཆོས་ལུགས་གཞན་གྱི་ཆོས་བྱེད་མི་སྣ་ཁག་ལ་མཐུན་ལམ་འབྲེལ་འཛུགས་བྱ་རྒྱུ་བཅས་ཀྱི་ཆེད་དུ། ད་ཡོད་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཁག་ཏུ་ཚད་ལྡན་ནང་པའི་ལྟ་གྲུབ་དགེ་རྒན་ཇི་དགོས་རིམ་པས་བསྐོ་གཏོང་བྱེད་ཕྱོགས་ཀྱི་རྩ་འཛིན་གཏན་འབེབས་གནང་ཡོད་པའི་དགོངས་དོན། ཉི་ཧོང་དང་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་དྲུང་གཞོན་ལས་རོགས་དང་། ཐའེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་ལས་ཁུངས་གཉིས་སུ་སྡེ་ཚན་འགན་འཛིན་གྱི་གནས་རིམ་ཐོག་ཆོད་གན་ངོ་བོར་ལྟ་གྲུབ་དགེ་རྒན་གསུམ་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ཆ་རྐྱེན་རྣམས་ཚང་ཞིང་ཞབས་ཞུ་སྒྲུབ་འདོད་ཡོད་རིགས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༤ འགྱངས་མེད་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེའི་མཚན་ཐོག་སྙན་ཞུ་དང་དགོས་མཁོའི་ཡིག་ཆ་ཁག་ཕུལ་འབྱོར་ཟིན་པ་དགོས།
ཀ ཤེས་ཚད། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ངོས་འཛིན་ཡོད་པའི་བོད་ཀྱི་རིས་མེད་ཆོས་སྡེ་ཁག་གི་བཤད་གྲྭ་གང་རུང་དུ་བོད་ཀྱི་སྐད་ཡིག་དང་རྨང་གཞིའི་སློབ་གཉེར་རིམ་པ་སྔོན་སོང་ཐོག བོད་ཀྱི་ནང་དོན་རིག་པའི་གཞུང་ཆེན་ཁག་ལ་ཉུང་མཐར་ལོ་ ༩ རིང་སློབ་གཉེར་མཐར་ཕྱིན་བྱས་པའི་སློབ་ཐོན་ལག་འཁྱེར་རམ། གཞི་རིམ་འཛིན་གྲྭ་བརྒྱད་པའམ་དེ་ཡན་ཐོན་རྗེས་ངོས་འཛིན་ཡོད་པའི་བོད་ཀྱི་སྲོལ་རྒྱུན་མཐོ་རིམ་སློབ་གཉེར་ཁང་གང་རུང་དུ་ཉུང་མཐར་ལོ་ ༩ རིང་བོད་ཀྱི་ནང་དོན་རིག་པའི་གཞུང་ཆེན་ཁག་ལ་སློབ་གཉེར་མཐར་ཕྱིན་པའི་སློབ་ཐོན་ལག་འཁྱེར་ཡོད་པ།
ཁ ཉམས་མྱོང་། ཆོས་སྡེའམ་བཤད་གྲྭ་གང་ཞིག་ཏུ་ལོ་ ༣ རིང་གཞུང་ཆེན་སློབ་འཁྲིད་གནང་མྱོང་བ། ཡང་ན། བོད་མིའི་སློབ་གྲྭ་ཁག་ཏུ་ལོ་ ༥ རིང་ཆོས་དགེ་གནང་མྱོང་ཡོད་པ།
ག ཆ་རྐྱེན་གཞན།
༡། རབ་བྱུང་རྟེན་ཅན་ཡིན་པ་དང་། དཔེ་དགེའམ་ཆོས་དགེའི་ཉམས་མྱོང་ཡོད་པ་དང་། ཀུན་སྤྱོད་སྐྱོན་མེད་ཡིན་པ་བཅས་ཀྱི་རྒྱབ་རྟེན་སོ་སོའི་སྒྲིག་ཁོངས་ཀྱི་རྒྱབ་གཉེར་ངོས་སྦྱོར་ངོ་མ།
༢། ནང་པའི་ལྟ་གྲུབ་འཆད་ཉན་སྐབས་སྐད་སྒྱུར་མི་དགོས་པར་གནས་ཡུལ་རྒྱལ་ཁབ་དེའི་སྐད་དང་ཨིན་སྐད་གང་རུང་ཚད་འཕེར་ཡོད་པ།
༣། འབུལ་འབབ་ཆད་མེད་ཕུལ་བའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
༤། རང་ལོ་ ༣༠ ནས་ ༤༥ བར་ཡིན་པ།
༥། རྒྱ་གར་རམ་གནས་ཡུལ་རྒྱལ་ཁབ་གང་ཡིན་དེར་གནས་སྡོད་ཆོག་པའི་ཁྲིམས་མཐུན་ཡིག་ཆའི་ངོ་བཤུས།
༦། ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་ལུས་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་ངོ་མ།
གོང་གསལ་ཡིག་ཆའི་འདྲ་བཤུས་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་གནས་རིམ་ཟུང་དྲུང་ཡན་གྱི་དག་མཆན་ལས་དམ་ (Attestation) ཞུ་དགོས་པ་དང་། དོ་བདག་ལ་འབྲེལ་བ་ཞུ་བདེའི་སླད་གློག་འཕྲིན་ Email ID ཁ་བྱང་། ཁ་པར་ཨང་གྲངས་བཅས་སྙན་ཞུའི་ནང་ཁ་གསལ་བཀོད་དེ་གཤམ་གསལ་ཁ་བྱང་ངམ་གློག་འཕྲིན་ཐོག་འཚང་སྙན་འབུལ་འཐུས།
འདེམས་སྒྲུག་གནང་ཕྱོགས་ཐད་རྩ་འཛིན་ལམ་སྟོན་གཞིར་བཟུང་འཆད་པ་དང་། རྩོམ་པ། ཕྱི་རྒྱལ་སྐད་ཡིག་བཅས་ཀྱི་གནས་ཚད་ཞིབ་འཇུག་བྱས་པའི་སྒོ་ནས་གནང་རྒྱུའང་། རྒྱུགས་ཐོན་ཨང་ཐོབ་འདྲ་མཉམ་བྱུང་ཚེ་ཉམས་མྱོང་མང་བ་དེར་འདེམས་སྒྲུག་གནང་རྒྱུ་ཡིན་འདུག་པ་བཅས་དེ་དོན་དགོངས་འཇགས་ཞུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༢༤ ལ།། །།
འབྲེལ་གཏུགས་ཁ་བྱང་།
Secretary,
Department of Religion & Culture, CTA
Dharamshala, Distt.Kangra-176215, H.P
Email:[email protected]