༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༡ ཚེས་ ༠༣ རེས་གཟའ་ཟླ་བ་ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་གི་མདུན་དུ་དྲུང་ལས་བསྟན་འཛིན་ཡོན་ཏན་ལགས་ཀྱིས་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པའི་ལས་ཁུར་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོ་ཞིག་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་མཛད་སྒོའི་ཐོག་མར་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་དང་། ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག ཁྲིམས་དྲུང་ཡེ་ཤེས་དབང་མོ་ལགས། གཞན་ཡང་འབྲེལ་ཡོད་ལས་བྱེད་བཅས་ཚང་འཛོམས་ཀྱི་ཐོག་མར་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་གིས་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་དོད་འབུལ་ལམ་ཞུས་གྲུབ་བསྟུན། དྲུང་ལས་བསྟན་འཛིན་ཡོན་ཏན་ལགས་ཀྱིས་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་དོད་འབུལ་ལམ་ཞུས་ཏེ་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་མཆོག་གི་དྲུང་དུ་ལས་ཁུར་དམ་བཅའ་འབུལ་བཞེས་གྲུབ་མཚམས་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་མཆོག་གིས་རྟེན་འབྱུང་མཇལ་དར་སྒྲོན་འབུལ་གནང་།དེ་ནས་སྐུ་མགྲོན་རྣམ་པར་གྲོ་སོ་ཕྱེ་མར་དང་ཆང་ཕུད། གསོལ་ཇ་དང་འབྲས་སིལ་ཕུལ་ཏེ་ཁྲིམས་ཞིབ་གཞན་གྱིས་གཙོས་འབྲེལ་ཡོད་ལས་བྱེད་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་དོད་དང་མཇལ་དར་སྒྲོན་འབུལ་དང་འབྲེལ་ས་གནས་ཁྲིམས་ཞིབ་པ་དྲུང་ལས་བསྟན་འཛིན་ཡོན་ཏན་ལགས་ལ་འཚམས་འདྲིའི་མཇལ་དར་སྒྲོན་ཏེ་དམ་འབུལ་གྱི་མཛད་སྒོ་གྲོལ་ཡོད་པ་བཅས། །