༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༢ ཉིན་ཁམས་བྲག་མགོ་རུ་རྒྱ་ནག་གཞུང་གིས་སྐུའི་མཐོ་ཚད་ཆེ་དྲགས་པ་སོགས་ལ་བསྙད་དེ། ཐུབ་དབང་སྐུ་བརྙན་མཐོ་ཚད་ཕི་ཀྲི་དགུ་བཅུ་གོ་དགུ་ཅན་ཞིག་དང་། དགོན་པའི་ཉེ་འདབས་སུ་ཡོད་པའི་མ་ཎི་དུང་འཁོར་བཞི་བཅུ་ཞེ་ལྔ་ཡོད་པ་བཅས་གཏོར་བཤིག་དང་། མ་ཎི་དར་ལྕོག་དང་སྒོ་དར་སོགས་ཡོད་ཚད་མར་ཕབ་སྟེ་མེར་བསྲེགས་བཏང་བཅུག་ཡོད་པ་མ་ཟད། ལོ་དེའི་ཕྱི་ཟླ་ ༡༡ ནང་བྲག་མགོ་དགོན་པའི་ཁང་མིག་ཆེ་ཆུང་ལྔ་བཅུ་ཙམ་དང་། སློབ་མ་བརྒྱ་ལྷག་ཡོད་པ། ནང་བསྟན་རིག་པ་གཙོས་པའི་བོད་སྐད་དང་། སྐད་ཡིག་གཞན་སོགས་སློབ་སྦྱོང་གནང་སའི་སློབ་གྲྭའམ་ཤེས་ཡོན་གྱི་བསྟི་གནས་གལ་ཆེན་ཞིག་གཏོར་བཤིག་བཏང་ཡོད། ལྷག་པར་དུ་ཉེ་ཆར་ཐུབ་དབང་སྐུ་བརྙན་གཏོར་བཤིག་བཏང་ཚར་བའི་རྗེས་སུ་བྲག་མགོའི་ས་གནས་སུ་ཉེན་རྟོག་པ་གང་མང་བཀྲམས་ཏེ། ས་གནས་བོད་མིའི་འགྲོ་འདུག་སྤྱོད་གསུམ་དང་། ཁ་པར་དང་། དྲྭ་རྒྱ་བེད་སྤྱོད་སོགས་ལ་དམིགས་བསལ་གྱིས་དམ་བསྒྲགས་ཇེ་ཆེར་གཏོང་བཞིན་ཡོད་འདུགསྐུ་བརྙན་དེ་ནི་ཁམས་དཀར་མཛེས་ཁུལ་ཏྲེ་ཧོར་བྲག་མགོའི་སེར་སྐྱ་ཐུན་མོང་ནས་མུ་གེ་དམག་འཁྲུག་དང་། འབྱུང་བཞིའི་འཇིགས་པ་སྤྱི་དང་། ཁྱད་པར་དུ་ཡུལ་དེར་ས་ཡོམ་ཡང་ཡང་བྱུང་བར་བརྟེན། དཔེར་ན་ཕྱི་ལོ་ ༡༩༧༣ ལོར་ས་ཡོམ་ཤུགས་ཆེན་པོ་བརྒྱབ་པར་མི་ཤི་ཁྱིམ་སྟོང་གི་དཀའ་ངལ་བྱུང་བ་སོགས་ཀྱིས་མཚོན་འཇིགས་པ་དེ་དག་མི་ཡོང་བའི་ཆེད་དུ་དམིགས་ནས་མ་དངུལ་རྒྱ་སྒོར་ཁྲི་བཞི་སྟོང་ལྷག་ཙམ་འགྲོ་གྲོན་བཏང་སྟེ། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༥ ཉིན་ཁྲིམས་མཐུན་ས་གནས་ཀྱི་ཡིག་ཆ་ཚད་ལྡན་ཡོད་པའི་ཐུབ་དབང་སྐུ་བརྙན་དེ་ཉིད་གསར་བཞེངས་ལེགས་པར་གྲུབ་གནང་ཡོད་འདུག
སྤྱིར་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་པ་ནས་བཟུང་སྟེ་ད་བར་བོད་ཐོག་འཛིན་པའི་སྲིད་བྱུས་ལ་གུ་ཡངས་རྩ་བ་ནས་བཏང་མྱོང་མེད་པར་མ་ཟད། གཞིས་བཞུགས་བོད་མི་ཚོའི་ཆོས་དད་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་འཕྲོག་ཅིང་། ད་ལྟའི་བོད་ནང་གི་གནས་སྟངས་ནི་ཧ་ཅང་གི་ཛ་དྲག་ཆགས་ཡོད། རིག་གནས་གསར་བརྗེའི་སྐབས་རྒྱ་ནག་དམར་གཞུང་གིས་བོད་ནང་དགོན་སྡེ་སྟོང་ཕྲག་མང་པོ་གཏོར་བཤིག་དང་། དེ་ནས་རིམ་པས་ཕྱི་ལོ་ ༢༠༡༦ ལོར་བོད་བརྒྱུད་ནང་བསྟན་སློབ་གཉེར་གནང་ས་ཆེ་ཤོས་གསེར་རྟ་བླ་རུ་སྒར་དང་། ཡ་ཆེན་སྒར་སོགས་གཏོར་བཤིག་བཏང་བ། ད་ཆ་ཁམས་བྲག་མགོ་རུ་ཐུབ་དབང་སྐུ་བརྙན་གཏོར་བཤིག་བཏང་བ་སོགས་འཆར་གཞི་ལྡན་པའི་སྒོ་ནས་བོད་བརྒྱུད་ནང་བསྟན་སྤྱི་དང་། བྱེ་བྲག་ཏུ་བོད་མིའི་ཡུལ་སྲོལ་གོམས་གཤིས་སོགས་བོད་མིའི་ངོ་བོ་རྩ་མེད་གཏོང་རྒྱུའི་མཁྲེགས་འཛིན་དང་། རིག་གནས་གསར་བརྗེ་ལྟ་བུའི་གདུག་རྩུབ་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད་པར་འདི་ནས་སྐྱོན་བརྗོད་ཤུགས་ཆེ་དང་སྦྲགས། རྒྱ་གཞུང་ནས་བོད་ནང་གི་དགོན་སྡེ་སོགས་གཏོར་བཤིག་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་ཐེ་བྱུས་བྱ་རྒྱུ་འཕྲལ་དུ་མཚམས་འཇོག་དགོས་པ་དང་། དེ་བཞིན་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་། རྒྱལ་ཁབ་ཁག་གི་སྲིད་གཞུང་མི་སྣ། གྲོས་ཚོགས་འཐུས་མི་སོགས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་གནང་སྟེ། རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་གསལ་སྟོན་གྱིས་དེ་འདྲའི་གཏོར་བཤིག་རིགས་འཕྲལ་དུ་མཚམས་འཇོག་ཡོང་ཐབས་ཀྱི་ཐུགས་འགན་ཆེ་བཞེས་དང་། བོད་ནང་གི་དངོས་ཡོད་གནས་ཚུལ་མཁྱེན་རྟོགས་ཆེད་གསར་འགོད་པ་དང་། རྟོག་ཞིབ་ཚོགས་པ་སོགས་བོད་ནང་འཕྲལ་གཏོང་ཡོང་ཐབས་ཀྱི་ཐུགས་ཁུར་ཆེ་བཞེས་ཡོང་བ་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༡ ཉིན།།