༄༅། །རྒྱ་གར་བྱང་ཤར་ཨ་སམ་དུ་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བོད་རང་དབང་། ཨ་སམ་གྱི་འབོད་སྒྲ་ཞེས་པས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༦ ཉིན་ཨ་སམ་ནང་གི་ས་གནས་བྷ་ཡི་རབ་ཀུན་ཊ་ (Bhairabkunda) རུ་བོད་དོན་རྒྱབ་སྐྱོར་ཆེད་མི་མང་གི་ལས་འགུལ་ཞིག་གོ་སྒྲིག་གནང་འདུག
དེ་ཡང་མི་མང་གི་ལས་འགུལ་དེའི་ནང་བོད་ཀྱི་རང་དབང་དང་དྲང་བདེན་ཆེད་བྷ་ཡི་རབ་ཀུན་ཊ་ཡི་གཞོན་སྐྱེས་དང་མི་མང་བཅས་མཉམ་ཞུགས་ཀྱིས། ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་བོད་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པར་ངོ་རྒོལ་ཡོད། རྒྱ་ནག་གཞུང་གིས་ཡར་ཀླུངས་གཙང་པོའི་དཔལ་ཡོན་གྱི་སྣོད་བཅུད་ཚབས་ཆེའི་གཏོར་བཤིག་བཏང་བར་ང་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་སོགས་ཀྱི་འབོད་སྒྲ་བསྒྲགས་འདུགསྐབས་དེར་ས་གནས་ཀྱི་བོ་ཊོ་ཚོ་ཁག་ནས་ཡིན་པའི་གཞོན་སྐྱེས་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཨ་སམ་དང་མེ་གྷཱ་ལཡའི་ས་གནས་འབྲེལ་མཐུད་པ་སྐུ་ཞབས་སོམ་ཡ་དིཔ་དཏྟཱ་(Soumyadeep Datta) ལགས་བར་གཞོན་སྐྱེས་དང་ས་གནས་མི་མང་ནང་ཁུལ་བོད་མིའི་རང་དབང་ལས་འགུལ་གོ་རྟོགས་དང་། དེར་མཉམ་ཞུགས་གནང་རྒྱུ་གལ་ཆེ་ཡིན་པའི་སྐོར་བགྲོ་གླེང་གནང་ཡོད་འདུག བོད་རང་དབང་། ཨ་སམ་གྱི་འབོད་སྒྲ་ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་དེ་ལྟ་བུས་བོད་མིའི་རང་དབང་གི་ལས་འགུལ་དེ་བཞིན་གྲོང་གསེབ་པ་དང་། ས་གནས་ཀྱི་ཚོ་ཁག མི་མང་དཀྱུས་མ་དང་ཐག་ཇེ་ཉེར་བཏང་སྟེ། དེ་ཉིད་ཨ་སམ་ནང་མི་མང་གི་ལས་འགུལ་ཞིག་ཏུ་སྒྱུར་ཐབས་གནང་གི་ཡོད།
ཨ་སམ་ནང་གི་ས་གནས་བྷ་ཡི་རབ་ཀུན་ཊ་ནི་འབྲུག་ཡུལ་དང་ཨ་རུ་ཎཱ་ཅལ་མངའ་སྡེ་དང་ས་མཚམས་ཁེལ་གྱི་ཡོད་ཅིང་། འབྲུག་ནས་རྒྱུག་པའི་ཇམ་པ་རྒྱུག་ཆུ་དང་བྷ་ཡི་རབ་ཝི་གཙང་པོ་གཉིས་ས་གནས་དེར་འདྲེས་ཏེ་དནྶེ་རི་གཙང་པོ་ (Dhansiri River) གྲུབ་ཀྱི་ཡོད། དནྶེ་རི་གཙང་པོ་ནི་ཡར་ཀླུངས་གཙང་པོའི་ཆུ་ལག་ཡིན། ས་གནས་དེ་ལ་མཚོན་ན། ཡུལ་སྐོར་སྤྲོ་འཆམ་པ་འགྲོ་ཡུལ་ཡིན་པ་མ་ཟད། ནང་པ་དང་ཧིནྡུ་གཉིས་ཀའི་གནས་འགངས་ཆེན་ཞིག་ཀྱང་ཡིན་པ་བཅས།།