༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༠ རེས་གཟའ་ཟླ་བ་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ཨན་ཊོ་ནེ་བྷི་ལིན་ཀེན་ (Antony J. Blinken) མཆོག་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ལས་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya ) མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་གིས་བརྙན་ཐུང་བརྒྱུད་ཊུ་ཝི་ཊར་(Twitter) སྟེང་ཨ་རི་གཞུང་གིས་ཁོང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བ་དང་འབྲེལ་བའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། བཀྲ་ཤིས་བདེ་ལེགས། ངའི་མིང་ལ་ཨ་ཛི་རཱ་ཛེ་ཡ་ཟེར་གྱི་ཡོད། ཕྲན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ལས་ཡིན། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ཨན་ཊོ་ནེ་བྷི་ལིན་ཀེན་མཆོག་གིས་ཕྲན་རང་ཉིད་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བར་ཧ་ཅང་སྤོབས་པ་བསྐྱེད་བྱུང་། ཨ་རིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གོང་མཐོར་གཏོང་རྒྱུར་ཆོད་སེམས་བརྟན་པོ་ཡོད་པ་དང་། དེ་བཞིན་བོད་མིའི་ཐུན་མོང་མིན་པའི་ཆོས་དང་རིག་གཞུང་། སྐད་ཡིག ལོ་རྒྱུས་ཀྱི་ཤུལ་དངོས་བཅས་མི་ཉམས་རྒྱུན་འཛིན་ཆེད་རོགས་རམ་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད།
སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་མགོན་པོ་གང་ཉིད་ཀྱི་སྐུ་ཚབ་རྣམ་པ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་དབར་ཐད་ཀར་གྲོས་མོལ་གནང་སྟེ་ཕྱོགས་གཉིས་ཀྱི་མི་འདྲ་སའི་དཀའ་ངལ་ཡོད་པ་རྣམས་སེལ་ནས་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་གནང་དགོས་པ་གལ་ཆེན་པོ་ཆགས་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་བྱེད་དང་མི་སེར་རྣམས་ཨ་རིའི་ནང་རང་དབང་གི་སྒོ་ནས་ཕར་འགྲོ་ཚུང་འོང་གི་གོ་སྐབས་ལོངས་སུ་སྤྱོད་བཞིན་ཡོད་པ་ལྟར་ང་ཚོའི་ངོས་ནས་ཀྱང་ཨ་རིའི་གཞུང་གི་གཞུང་ཚབ་མི་སྣ་དང་། ལས་བྱེད། གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་བཅས་བོད་རང་སྐྱོང་ལྗོངས་ཀྱིས་གཙོས་བོད་ཀྱི་ས་ཁུལ་གཞན་ཁག་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་ཡོང་ཐབས་སུ་འབད་བརྩོན་གནང་གི་ཡོད།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཨ་རི་དང་རྒྱལ་ཁབ་གཞན་གྱི་ནང་ཡོད་པའི་བྱེས་འབྱོར་བོད་མི་རྣམས་ལ་སུན་གཙེར་དང་། སྡིགས་ར་སྐུལ་བ། བྱ་ར་བྱེད་བཞིན་པ་ངེས་པར་མཚམས་འཇོག་བྱེད་དགོས། བྱ་སྤྱོད་འདི་ལྟ་བུ་ནི་རྒྱལ་ཁབ་གཞན་གྱི་ནང་གི་བྱེས་འབྱོར་བོད་མི་རྣམས་ལ་དྲག་གནོན་བྱས་པ་མཚོན་གྱི་ཡོད་ལ། ང་ཚོ་ཐུན་མོང་གི་བདེ་འཇགས་ལའང་སྣང་ཆུང་བྱས་པ་མཚོན་གྱི་ཡོད། ཨ་རིའི་ངོས་ནས་བོད་མཐོ་སྒང་གི་རང་བྱུང་ཐོན་ཁུངས་དང་། ཁོར་ཡུག ཆུ་བོ་རྣམས་སྲུང་སྐྱོབ་སླད་རམ་འདེགས་གནང་རྒྱུ་ཡིན་ཞིང་། བོད་མཐོ་སྒང་གི་ཆུ་བོ་རྣམས་ཀྱིས་ཨེ་ཤི་ཡའི་མི་འབོར་ཐེར་འབུམ་མང་པོར་ཆུའི་དགོ་མཁོ་སྐྲུན་བཞིན་ཡོད། ང་ཚོས་བཙན་བྱོལ་བོད་མི་སྤྱི་དང་། ལྷག་པར་ཆེས་དགོས་ངེས་ཅན་གྱི་ཉམ་ཐག དེ་བཞིན་ཚེ་སྲོག་ལས་སྐྱོབ་ཐབས་བཅས་ཀྱི་ཆེད་དུ་རོགས་རམ་གནང་རྒྱུ་མཚོན་པའི་ཁོང་ཚོའི་འཚོ་བ་ཡར་རྒྱས་གཏོང་ཐབས་སུ་རྒྱབ་སྐྱོར་གནང་བཞིན་པར་སྤོབས་པ་ཡོད། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཡིན་པའི་ཆ་ནས་ངས་དཀའ་ངལ་དེ་དག་གདོང་ལེན་དང་ང་ཚོ་ཐུན་མོང་གི་དམིགས་ཡུལ་བསྒྲུབ་པར་བོད་མི་རྣམས་དང་། ཕྱག་སྦྲེལ་གཞན་རྣམས་དང་ལྷན་དུ་མཉམ་རུབ་གྱིས་ཕྱག་ལས་གནང་རྒྱུར་རེ་ལྟོས་བྱེད་ཀྱི་ཡོད། ཐུགས་རྗེ་ཆེ། ཞེས་བསྒྲགས་གཏམ་སྤེལ་ཡོད་པ་བཅས།།