༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ལྷོ་ཨཕ་རི་ཀའི་ཡི་ཤུའི་བླ་ཆེན་ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་ (Archbishop Desmond Tutu) མཆོག་རེས་གཟའ་ཉི་མའི་ཉིན་དགུང་གྲངས་ ༩༠ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་གསན་མ་ཐག་དམ་པ་དེ་ཉིད་ཀྱི་སྲས་མོ་ལྕམ་སྐུ་མི་ཧྥོ་ཊུ་ཊུ་ (Rev. Mpho Tutu) ལགས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་འཁོད་དོན། ངོས་ཀྱིས་སྐུ་ཉིད་ལ་སྙིང་ཐག་པ་ནས་ཐུགས་གསོ་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱིས་དང་ལེན་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན་ལ། དེ་བཞིན་སྐུ་ཉིད་ཀྱི་མ་ཡུམ་གྱིས་གཙོས་ནང་མི་སྤུན་མཆེད་གཞན་རྣམས་ལའང་དེ་ལྟར་ཞུ་རོགས།
ངོས་ཀྱིས་སྐུ་ཉིད་ཀྱི་ཡབ་དམ་པ་མཆོག་ལ་ཐུགས་སྨོན་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱིས་མཁྱེན་གསལ་ལྟར་ད་བར་སྐུ་ཉིད་ཀྱི་ཡབ་དམ་པ་མཆོག་དང་ངེད་གཉིས་ཀྱིས་བློ་བརྟན་འགྱུར་མེད་ཀྱི་གྲོགས་པོའི་འདུ་ཤེས་ལོངས་སུ་སྤྱོད་རྒྱུ་བྱུང་བས་དགའ་པོ་བྱུང་། ཕྱི་ལོ་ ༢༠༡༥ ལོར་རྡ་སར་ངེད་གཉིས་ཀྱིས་བདུན་ཕྲག་གཅིག་རིང་མཉམ་རུབ་ཐོག་དུས་ཚོད་བཏང་སྟེ་འཛམ་བུ་གླིང་ནང་ཞི་བདེ་དང་བདེ་སྐྱིད་གོང་མཐོར་ཇི་ལྟར་སྤེལ་རྒྱུའི་སྐོར་བསམ་བློ་བརྗེ་རེས་བྱས་པ་མཚོན་པའི་ཐེངས་མང་པོའི་རིང་མཉམ་དུ་དུས་ཚོད་བཏང་བ་ངོས་ཀྱིས་ཡིད་ལ་དྲན་གྱི་འདུག
ངེད་གཉིས་དབར་གྲོགས་པོའི་འདུ་ཤེས་དང་ཆོས་ཕྱོགས་ཀྱི་འབྲེལ་བ་དམིགས་བསལ་ཞིག་ཡོད་པ་དེ་ནི་ངེད་གཉིས་ཀྱིས་གཙིགས་ཆེར་བརྩིས་ཡོད། ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་མཆོག་གིས་སྐུ་ཚེ་ཧྲིལ་པོར་ཁོང་གི་མཆེད་གྲོགས་ཕོ་མོ་རྣམས་ཀྱི་ཐུན་མོང་གི་ཁེ་ཕན་ཆེན་པོའི་དོན་དུ་བློས་བཏང་གིས་ཞབས་འདེགས་བསྒྲུབས་ཡོད། དམ་པ་ཁོང་ནི་དངོས་གནས་དྲང་གནས་འགྲོ་བ་མིའི་བདེ་སྡུག་ལ་ཐུགས་ཁུར་གནང་མཁན་དང་། དམ་བཅའ་བརྟན་པོའི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་ཞིག་ཆགས་ཡོད།
དམ་པ་ཁོང་གིས་བདེན་པ་དང་བར་འདུམ་སླད་ཕྱག་ལས་གནང་བ་ནི་འཛམ་གླིང་གི་མི་གཞན་རྣམས་ལ་སེམས་ཤུགས་བསྐྱེད་སའི་འབྱུང་རྩ་ལྟ་བུ་ཞིག་ཆགས་ཡོད། དམ་པ་ཁོང་སྐུ་ཚེའི་འཕེན་པ་རྫོགས་པ་ནི་ང་ཚོར་མཚོན་ན་རླབས་ཆེན་གྱི་མི་སྣ་ཞིག་སྐུ་གཤེགས་པ་ཆགས་ཡོད། ཁོང་གིས་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད། ཁོང་གིས་བློས་བཏང་གིས་མི་གཞན་གྱི་ཆེད་དུ་ཞབས་འདེགས་བསྒྲུབས་ཡོད་པ་དང་། ལྷག་པར་ཁོང་གིས་སྐྱབས་མེད་མགོན་མེད་རྣམས་ཀྱི་ཆེད་དུ་ཞབས་འདེགས་བསྒྲུབས་ཡོད། ང་ཚོས་དམ་པ་ཁོང་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ཡག་ཤོས་དང་། ཁོང་གི་སྙིང་སྟོབས་མི་ཉམས་རྒྱུན་འཛིན་ཞུ་རྒྱུ་ནི་ཁོང་གིས་ཕྱག་ལས་གནང་བ་ལྟར་ང་ཚོས་ཀྱང་དེ་ལྟར་ལག་བསྟར་ཞུས་ཏེ་རྒྱུན་དུ་གཞན་ལ་རོགས་རམ་ཇི་ལྟར་ཞུ་རྒྱུའི་སྐོར་བལྟ་དགོས། ཞེས་འཁོད།།
གསུང་འཕྲིན་ངོ་མ་ཨིན་ཡིག་ཐོག་སྩལ་ཡོད་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།