༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༣ རེས་གཟའ་ཕུར་བུ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧ་རི་ཡཱ་ཎཱའི་རོཧ་ཏཱག་ས་གནས་སུ་རྟེན་གཞི་བྱས་པའི་རྒྱ་གར་འཛིན་སྐྱོང་སློབ་གཉེར་ཁང་ (the Indian Institute of Management (IIM) Rohtak) གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བྱམས་པ་དང་བརྩེ་བས་དཀའ་ངལ་ལ་གདོང་ལེན་བྱ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་དྲ་ལམ་བརྒྱུད་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ མ་ཟིན་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གཟིམ་ཆུང་ནས་མཇལ་འཕྲད་ཁང་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་དོན། དེ་རིང་འདིར་རྒྱ་གར་གྱི་གྲོགས་པོ་ཚོ་དང་མཉམ་དུ་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་བོ་བྱུང་། རྒྱ་གར་དང་རྒྱ་ནག་ནི་འཛམ་གླིང་འདིར་མི་འབོར་མང་ཤོས་ཆགས་ཡོད། རྒྱ་གར་ལ་མཚོན་ན་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་འཚེ་མེད་ཞི་བ་དང་། བྱམས་སྙིང་རྗེའི་ཉམས་ལེན་གྱི་ལྟ་བ་ལོ་ངོ་སྟོང་ཕྲག་རིང་གནས་ཡོད། དངོས་སུ་ང་རང་ཚོའི་མཐོང་ཆོས་སུ་ཡོད་པ་ནི་རྒྱ་གར་ནང་དུ་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཚང་མ་མཐུན་འབྲེལ་གྱི་ངང་དུ་གནས་ཐུབ་ཀྱི་ཡོད། རྒྱ་གར་ནང་དུ་འཚེ་མེད་ཞི་བའི་ལྟ་གྲུབ་ཡོད་པས་ཆོས་ལུགས་ཆེ་ཁག་ཚང་མ་འཆམ་མཐུན་ངང་གནས་ཐུབ་པ་བྱུང་བ་རེད། དེར་བརྟེན་རྒྱ་གར་ལ་ལོ་ངོ་སྟོང་ཕྲག་གོང་ནས་ཡོད་པའི་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ཉམས་ལེན་ནི་ཧ་ཅང་ནུས་པ་ཆེན་པོ་རེད།ཁྱོད་ཚོས་དེ་ལྟ་བུའི་རིག་གཞུང་དང་གོམས་སྲོལ་བཟང་པོ་ཞིག་དངོས་སུ་སོ་སོའི་མི་ཚེའི་ནང་ཉམས་ལེན་བྱེད་བཞིན་པ་རེད། ཉུང་ཤས་ལ་ཆོས་ལུགས་དང་འབྲེལ་བའི་དཀའ་ངལ་ཕྲན་བུ་བཟོ་བཞིན་ཡོད་ཀྱང་། སྤྱི་ཡོངས་ཀྱི་ཆ་ནས་ལོ་ངོ་སྟོང་ཕྲག་གོང་ནས་འཚེ་མེད་ཞི་བའི་ལྟ་གྲུབ་གཞི་ལ་བཞག་ནས་ཆོས་ལུགས་མ་འདྲ་བ་ཕན་ཚུན་དབར་འཆམ་མཐུན་ཧ་ཅང་ཡག་པོ་ཡོད་པ་རེད། ལོ་ངོ་བཅུ་ཕྲག་ཁ་ཤས་གོང་ནས་རྒྱ་གར་ནི་ངོས་ཀྱི་སྡོད་གནས་ཆགས་ཡོད། རྒྱ་གར་གྱི་ཡུལ་མི་དང་ཆོས་ལུགས་ཀྱི་འགོ་ཁྲིད་རྣམ་པའི་བསམ་པའི་ནང་འཚེ་མེད་ཞི་བའི་དགོངས་ཚུལ་མུ་མཐུད་གནས་མུས་རེད།
རྒྱུན་དུ་ངོས་ཀྱིས་ཆོས་ལུགས་མཐུན་འབྲེལ་ཡོང་བའི་དཔེ་མཚོན་གཅིག་ནི་རྒྱ་གར་ཡིན་པ་བརྗོད་ཀྱི་ཡོད། ཆོས་ལུགས་ཀྱི་ལྟ་གྲུབ་སྐོར་ནས་མཁས་དབང་རྣམ་པར་མི་མཐུན་པའི་གནས་ཡོད་པ་རེད། འོན་ཀྱང་སྤྱི་ཡོངས་ནས་ཆོས་ལུགས་མི་འདྲ་བ་ཉམས་ལེན་བྱེད་མཁན་ཚོས་ཕན་ཚུན་ལ་སྡང་སེམས་མེད་པའི་ཐོག་ནས་གནས་ཐུབ་པ་ཞིག་བྱུང་ཡོད། དེར་བརྟེེན་རྒྱ་གར་གྱི་ཆོས་ལུགས་མཐུན་འབྲེལ་གྱི་མིག་དཔེ་བཟང་པོ་འདིས་འཛམ་གླིང་ལ་ཞབས་ཞུ་ཆེན་པོ་ཞིག་ཞུ་ཐུབ་ཀྱི་རེད་བསམ་གྱི་འདུག ངོས་རང་བོད་ནས་རྒྱ་གར་དུ་འབྱོར་བ་དེ་ཕྱོགས་གཅིག་ནས་བཙན་བྱོལ་བ་དང་ཕྱོགས་གཅིག་ནས་རྒྱ་གར་གཞུང་གི་སྐུ་མགྲོན་ཆགས་ཡོད། རྒྱ་གར་གྱི་ཆོས་ལུགས་མཐུན་འབྲེལ་གྱིས་ཡིད་དབང་འཕྲོག་ནས་མི་མང་ལ་གཏམ་བཤད་བྱེད་སྐབས་རྒྱ་གར་གྱི་ཆོས་ལུགས་མཐུན་འབྲེལ་གྱི་ལྟ་གྲུབ་འདི་མིག་དཔེར་འཛིན་འོས་པའི་སྐོར་བརྗོད་ཀྱི་ཡོད།དེང་གི་རྒྱ་གར་གྱི་སློབ་གསོའི་ལམ་ལུགས་ནི་ཕྱི་དངོས་པོ་ཡར་རྒྱས་ལ་ཧ་ཅང་རྩལ་འདོན་བྱས་ཡོད་པ་མ་ཟད། དེ་དང་འབྲེལ་ནས་ཚན་རིག་གི་སློབ་སྦྱོང་ཡང་ཡོང་བཞིན་ཡོད། ཤེས་ཡོན་ནང་དུ་རྒྱ་གར་ལ་ལོ་ངོ་སྟོང་ཕྲག་རིང་ཡོད་པའི་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ཉམས་ལེན་གཉིས་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་སློབ་ཐུབ་པའི་འབད་བརྩོན་གནང་དགོས་ཀྱི་རེད་བསམ་གྱི་འདུག སློབ་གྲྭ་ཆེ་འབྲིང་སོགས་སུ་ལོ་ངོ་སྟོང་ཕྲག་ནས་ཡོད་པའི་རྒྱ་གར་གྱི་རིག་གཞུང་ཟབ་མོ་འདི་ངེས་པར་དུ་བསྐྱར་གསོ་བྱས་ཏེ་འཚེ་མེད་ཞི་བ་དང་བྱམས་བརྩེའི་ཉམས་ལེན་སླར་གསོ་ཡོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒྱ་གར་གྱི་རང་བཙན་རྩོད་ལེན་པ་གཱཾདྡྷཱིའི་མཆོག་ལ་མཚོན་ན་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ཐོག་ནས་རང་བཙན་བརྩད་པ་རེད། གཱཾདྡྷཱི་མིག་དཔེར་བཟུང་ནས་ལྷོ་ཨཕ་རི་ཀ་དང་འཛམ་གླིང་ཡུལ་གྲུ་གཞན་ཁག་ཏུ་འཚེ་མེད་ཞི་བའི་ལྟ་གྲུབ་མིག་དཔེ་བཟུང་ནས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་བྱས་ཡོད།དེང་སང་ལྟ་བུར་མཚོན་ན་འཛམ་གླིང་འདིར་སྤྱོད་བཟང་གིས་ཕོངས་པའི་དཀའ་ངལ་ཡོད་པ་རེད། དེ་ལྟ་བུའི་སྐབས་འདིར་རྒྱ་གར་གྱིས་འཛམ་གླིང་སྤྱི་ལ་བྱམས་པའི་ཉམས་ལེན་གྱི་མིག་དཔེ་སྟོན་པའི་གོ་སྐབས་ཡོད། འཚེ་མེད་ཞི་བ་ནི་བདག་ཉིད་ཆེན་པོ་གཱཾདྡྷཱི་ཡིས་འཛམ་གླིང་ལ་ཧ་ཅང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དེ་བཞིན་བྱམས་བརྩེའི་ཉམས་ལེན་ཐད་ལའང་རྒྱ་གར་གྱིས་འབད་བརྩོན་ཤུགས་ཆེ་ཙམ་གནང་དགོས། དེ་ཡང་ཐོག་མར་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་རྒྱ་གར་གྱི་སློབ་གྲྭ་ཁག་ཏུ་བྱམས་བརྩེའི་ཉམས་ལེན་སློབ་ཚན་ཏུ་བཟུང་ནས་སློབ་སྦྱོང་བྱེད་དགོས། ཆོས་ལུགས་ཀྱི་དད་པ་ཡོད་མེད་ལ་མ་བལྟོས་པར་ང་ཚོ་མ་ལས་སྐྱེས་པའི་ཉམས་མྱོང་གི་ཐོག་ནས་བརྩེ་བའི་བསམ་པ་ལྷན་སྐྱེས་སུ་ཡོད་པས་སློབ་ཚན་ནང་དུ་བྱམས་པའི་ཉམས་ལེན་ལ་ཐུགས་སྣང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དེ་ནི་ཆོས་ལུགས་བྱེ་བྲག་པ་གཅིག་གི་ལྟ་གྲུབ་གཞི་ལ་བཟུང་ནས་སློབ་སྦྱོང་གནང་བ་ཙམ་མ་ཡིན་པར། སྤྱིར་བཏང་གི་རྒྱུ་མཚན་ལ་བསམ་བློ་བཏང་ན་འཚེ་མེད་ཞི་བའི་སྐོར་ལ་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་ཆགས་ཡོད། ལོ་ངོ་བརྒྱ་ཕྲག་མང་པོའི་གོང་ནས་ཕན་ཚུན་འཐབ་རྩོད་དང་དམག་འཁྲུག་མང་པོ་བྱུང་བ་རེད། མང་པོ་ཞིག་གོ་མཚོན་བཟོ་བའི་ཕྱོགས་སུ་བཏང་ཡོད་པ་རེད། དེར་བརྟེན་རྒྱ་གར་ལ་ལོ་ངོ་སྟོང་གོང་ནས་ཡོད་པའི་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ཉམས་ལེན་བསྐྱར་གསོ་བྱས་ཏེ་འཛམ་གླིང་སྤྱི་ལ་ཁྱབ་པ་ཞིག་བྱེད་དགོས།
རྒྱ་གར་གྱི་དེང་དུས་སློབ་གསོའི་ནང་དུ་དེང་རབས་སློབ་གསོ་དང་གནའ་བོའི་རིག་གཞུང་ཟུང་འབྲེལ་གྱིས་སློབ་གསོ་སྤྲོད་དགོས་ཞེས་ཞུ་བཞིན་ཡོད། རྒྱ་གར་ནི་ངོས་རང་བཙན་བྱོལ་ལ་སླེབས་པ་ནས་ནང་ལྟ་བུ་ཆགས་ཡོད། དེར་བརྟེན་ད་ལྟའི་རྒྱ་གར་གྱི་གནས་སྟངས་ལ་བལྟས་ན་ནུས་པ་ཡོད་པར་མཐོང་གི་འདུག ཁྱོད་རང་ཚོའི་ངོས་ནས་འབད་བརྩོན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྗེས་མ་ངོས་རང་ལྡི་ལིར་ཕྱིན་ནས་ནེཧ་རུ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཚོ་དང་ཐུག་ནས་དེང་དུས་ཤེས་ཡོན་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཟུང་འབྲེལ་བྱེད་ཐབས་ལ་གྲོས་མོལ་བྱེད་འདོད་ཡོད། ངོས་རང་བཙན་བྱོལ་བ་དང་རྒྱ་གར་གཞུང་གི་སྐུ་མགྲོན་བྱས་ནས་སྡོད་པའི་རིང་ལ་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཟབ་མོ་ལ་ཧ་ཅང་ནུས་པ་ཡོད་པ་ར་གསལ་པོ་འཕྲོད་བྱུང་། འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ཉམས་ལེན་ཟུང་དུ་སྦྲེལ་བའི་ཐོག་ནས་ནུས་པ་ཆེན་པོ་འཐོན་བཞིན་འདུག
ངོས་ལ་ལོ་ངོ་བཅུ་ཕྲག་རིང་ལ་ཀླད་པའི་ཚན་རིག་པ་དང་མཁས་དབང་མང་པོའི་མཉམ་དུ་གྲོས་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བ་རེད། ཀླད་པའི་ཚན་རིག་པ་ཚོས་ཀྱང་བྱམས་སྙིང་རྗེའི་ཉམས་ལེན་ལ་ཡི་རངས་དང་དགའ་མོས་ཆེན་པོ་གནང་གི་འདུག ཁོང་ཚོས་བརྟག་དཔྱད་ཀྱི་ཐོག་ནས་བྱམས་སྙིང་རྗེའི་ཉམས་ལེན་གྱིས་ཀླད་པའི་ནང་དུ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་པ་བཤད་ཡོང་གི་འདུག དེ་ལས་ལྡོག་སྟེ་ཁོང་ཁྲོ་ལྟ་བུ་ཉོན་མོངས་པའི་རིགས་ཀྱིས་ཀླད་པའི་འཕྲོད་བསྟེན་ལ་གནོད་ཀྱི་ཡོད་པར་ར་འཕྲོད་ཡོད་པར་བརྟེན་དེང་དུས་ཀྱི་ཚན་རིག་པ་མང་པོས་སེམས་ཀྱི་ཞི་བདེའི་ཆེད་དུ་ཐུགས་སྣང་མང་པོ་གནང་གི་ཡོད། སེམས་བག་ཕེབས་པོ་ཡོང་བ་ཡིན་ན་དེའི་དབང་གིས་གཟུགས་པོའི་འཕྲོད་བསྟེན་ཡག་པོ་ཡོང་གི་ཡོད། ང་ཚོས་གཙོ་བོ་འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་དང་། ཞི་བདེ་ལྡན་པ་ཞིག་བསྐྲུན་པའི་དམིགས་ཡུལ་འཛིན་དགོས། གོ་མཚོན་སོགས་ཀྱིས་འཛམ་གླིང་ཞི་བདེ་ཡོང་མི་ཐུབ། འཛམ་གླིང་ཞི་བདེ་དགོས་ཀྱི་ཡོད་ན་བྱམས་བརྩེའི་ཉམས་ལེན་དགོས་ཀྱི་ཡོད། མི་ནི་ཤ་གཟན་སེམས་ཅན་ལྟ་བུ་མ་ཡིན་པར་ལྷན་སྐྱེས་ཀྱིས་བྱམས་བརྩེ་ལྡན་པ་ཞིག་ཡིན། གོང་དུ་ཞུས་པ་ལྟར་རྒྱ་གར་ལ་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ཉམས་ལེན། དེང་དུས་ཀྱི་སློབ་སྦྱོང་ཟུང་དུ་སྦྲེལ་བའི་ནུས་པ་ཏན་ཏན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་ཁག་ལ་བཀའ་ལན་སྩལ། །