༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༠ རེས་གཟའ་ཟླ་བ་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ལས་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya ) མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བར་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༣ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཏེ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་གིས་བོད་མིའི་གནས་སྟངས་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་རླབས་ཆེན་བསྒྲུབ་ཐུབ་པའི་ཐུགས་རེ་གནང་གི་ཡོད་སྐོར་གསུངས་འདུག
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འདྲིའི་གསུང་འཕྲིན་སྩལ་བའི་ནང་འཁོད་དོན། དེ་སྔ་ངོས་ཀྱིས་ཨ་རིའི་དབུ་ཁྲིད་རྣམ་པར་ཨ་རིས་མུ་མཐུད་ང་ཚོའི་རང་དབང་དང་ཆེ་མཐོང་སླད་དུ་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་བྱེད་བཞིན་པར་རྒྱབ་སྐྱོར་གནང་དང་གནང་བཞིན་པ་ནི་བོད་མི་རྣམས་ལ་མཚོན་ན་བློ་སྟོབས་བསྐྱེད་སའི་འབྱུང་རྩ་ཆགས་ཡོད། ཅེས་ཞུ་རྒྱུའི་གོ་སྐབས་བྱུང་། ངོས་ཀྱིས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་འོས་འདེམས་ཀྱི་ལམ་ནས་བྱུང་བའི་བོད་མིའི་འགོ་ཁྲིད་ལ་རྩིས་སྤྲོད་ཞུས་ཟིན་པ་རེད། འོན་ཀྱང་ངོས་ཀྱིས་བོད་མིའི་ཐུན་མོང་མིན་པའི་རིག་གཞུང་དང་། ངོ་བོ། ལོ་རྒྱུས་ཀྱི་ཤུལ་དངོས་གསོན་གནས་དང་། དེ་བཞིན་བོད་ཀྱི་འཇིག་སླ་བའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བཅས་ལ་སེམས་འཚབ་བྱེད་ཀྱི་ཡོད།
སྐུ་ཉིད་ཀྱིས་བོད་དོན་དང་འབྲེལ་བའི་སྐོར་ཐོག་མར་གསུང་བཤད་གནང་སྐབས་གནད་དོན་དེ་ཚོ་གཙོ་བོར་འཛིན་རྒྱུ་ཡིན་པའི་སྐོར་གླེང་སློང་གནང་སྟབས་ངོས་རང་ཧ་ཅང་དགའ་པོ་བྱུང་། སྐུ་ཉིད་ཀྱིས་མཁྱེན་གསལ་ལྟར་རྒྱལ་སྤྱིའི་སྟེང་བོད་མིའི་ཞི་བའི་འཐབ་རྩོད་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། བོད་མིའི་འཚེ་མེད་ཞི་བའི་རིག་གཞུང་ཕྱུག་པོ་དང་བྱམས་སྙིང་རྗེ་བཅས་ཀྱིས་འཛམ་བུ་གླིང་སྤྱི་ལ་ཕན་པའི་ཞབས་འདེགས་རླབས་ཆེན་བསྒྲུབ་ཐུབ་པའི་ནུས་པ་ཡོད། ཕུགས་ལ་དྲང་བདེན་གྱི་ནུས་སྟོབས་རྣམ་པར་རྒྱལ་ཐུབ་པའི་ངོས་རང་ལ་གདེང་ཚོད་ཡོད། ངོས་ཀྱིས་སྐུ་ཉིད་དང་མཇལ་འཕྲད་ཞུས་ཏེ་སྐུ་ཉིད་ཀྱིས་གནད་དོན་ཁག་གི་སྐོར་དོན་ཕན་ལྡན་པའི་རྒྱབ་སྐྱོར་དང་ལས་འགུལ་སྤེལ་ཕྱོགས་སྐོར་བསམ་ཚུལ་སྤེལ་རེས་བྱ་རྒྱུའི་རེ་ལྟོས་བྱེད་ཀྱི་ཡོད། སྐུ་ཉིད་ཀྱིས་ཐད་ཀར་འོས་འདེམས་ཀྱི་ལམ་ནས་འདེམས་ཐོན་བྱུང་བའི་བོད་མིའི་དབུ་ཁྲིད་དང་ལྷན་དུ་མཇལ་འཕྲད་གནང་རྒྱུར་ངོས་རང་ལ་ཡིད་ཆེས་ཡོད།
ཨ་རིས་གཞི་རྩའི་མང་གཙོའི་རིན་ཐང་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་གོ་རྟོགས་གོང་མཐོར་སྤེལ་རྒྱུའི་འགན་ཁུར་གཙོ་བོ་བཞེས་རྒྱུ་ཡིན་པ་ངོས་ཀྱིས་ཡིད་ཆེས་ཤུགས་ཆེ་བྱེད་ཀྱི་ཡོད། ཅེས་འཁོད་ཡོད། །
གསུང་འཕྲིན་ངོ་མ་ཨིན་ཡིག་ཐོག་སྩལ་ཡོད་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།