༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨིན་ཌོ་ནེ་ཤི་ཡཱ་དང་། མ་ལེ་ཤི་ཡཱ། འབར་མ། ཤྲི་ལང་ཀཱ། ཐའེ་ལེནྜ་བཅས་ཀྱི་གནས་བརྟན་སྡེ་པའི་རྗེས་འབྲང་པ་རྣམས་ལ་གཙོ་བོར་དམིགས་ཏེ་དྲ་ལམ་བརྒྱུད་མདོ་དྲན་པ་ཉེར་བཞག་གི་ཉིན་གྲངས་གཉིས་རིང་གི་བཀའ་ཆོས་དབུ་འཛུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་མཇལ་འཕྲད་ཁང་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་དོན། ངོས་ཀྱིས་ནམ་རྒྱུན་ནས་འདོན་བཞིན་ཡོད་པ་ཞིག་སྟེ། སྟོན་དེའི་རྗེས་སུ་རབ་ཏུ་བྱུང་འགྱུར་ཏེ།། རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང༌།། རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག། དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས།། ཞེས་ཉིན་རེ་བཞིན་སྟོན་པ་དྲན་པའི་སྐབས་སུ་རྗེ་རིན་པོ་ཆེའི་རྟེན་འབྲེལ་བསྟོད་པའི་ཚིག་འདི་ཧ་ཅང་ནུས་པ་ཆེན་པོ་འདུག བཅོམ་ལྡན་འདས་ཀྱི་བཀའ་སྡེ་སྣོད་གསུམ་ངོས་རང་ཆུང་ཆུང་སྐབས་ནས་བློ་ལ་བཟུང་བ་དང་། དེའི་དགོངས་འགྲེལ་རྣམས་ལ་ཡོངས་འཛིན་རྡོ་རྗེ་འཆང་གིས་འགྲེལ་བཤད་སྐྱོན་ནས་རྒྱལ་བའི་གསུངས་ལ་སྦྱང་བ་མི་དམན་ཞིང་། ག་ཚོད་ཐུབ་ཐུབ་ཀྱིས་ཐོས་དོན་སྒྲུབ་ལ་གཞོལ་ནས་ཉིན་རེ་བཞིན་དུ་ཚུལ་ཁྲིམས་ཀྱི་བསླབ་པ་གཞི་ལ་བཞག་ནས་ཏིང་ངེ་འཛིན་གྱི་བསླབ་པ་སེམས་རྩེ་གཅིག་པར་བསམ་བློ་གཏོང་གི་ཡོད།ཤུགས་ཆེ་ཤོས་ནི་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་བ་དང་། སྟོང་ཉིད་ཀྱི་ལྟ་བ་རེད། རྒྱ་ཆེན་སྤྱོད་རྒྱུད་ཀྱི་བྱང་ཆུབ་ཀྱི་སེམས་དང་། ཟབ་མོ་ལྟ་རྒྱུད་ཀྱི་སྟོང་ཉིད་ཀྱི་ལྟ་བ། རླབས་ཆེན་སྤྱོད་རྒྱུད་ཀྱི་ཞི་བ་ལྷའི་བདག་གཞན་མཉམ་བརྗེ་ཡི་བློ་སྦྱངས་པ་རྣམས་ངོས་ཀྱིས་ཉིན་རེ་བཞིན་བསམ་བློ་གཏོང་གི་ཡོད། སྒོམ་རྒྱག་གི་ཡོད། རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག་ལ་ངོས་ཀྱིས་འདུ་ཤེས་དེ་ལྟར་འཇོག་གི་ཡོད་པ་རེད་ལ། དེའི་ཐོག་ནས་ངོས་ཀྱི་ཉམས་ལེན་དང་འབྲེལ་ནས་སེམས་ལ་འགྱུར་བ་གང་དག་འགྲོ་བཞིན་ཡོད་པ་ཆོས་གྲོགས་ཚོར་ག་ཚོད་ཐུབ་ཐུབ་ཀྱིས་བཀའ་མོལ་ཞུ་རྒྱུར་ཧ་ཅང་དགའ་པོ་ཡོད།པཱ་ལིའི་ཆོས་བརྒྱུད་འཛིན་མཁན་དང་ལེགས་སྦྱར་ཆོས་བརྒྱུད་འཛིན་མཁན་ཚང་མ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གཅིག་གྱུར་རེད། ལྟ་གྲུབ་འདྲ་མིན་ཡོད་པ་ནི་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་ནས་བྱེ་བྲག་སྨྲ་བ་སྡེ་པ་བཅོ་བརྒྱད་ལྟ་བུ་ཡོང་གི་ཡོད། རིམ་བཞིན་མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་བཅས་དེ་དག་རེ་རེ་ལའང་ནང་གསེས་མི་འདྲ་བ་ཡོང་གི་ཡོད། དེ་ནི་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས་འདུག་དང་། ཞེ་ས་མ་ཞུས་ན་ང་ཚོར་བཅོམ་ལྡན་འདས་ཀྱིས་རང་དབང་ཆ་ཚང་སྤྲད་ནས་ཁོང་གིས་གསུངས་པའི་བཀའ་ལ་བཅོམ་ལྡན་འདས་ཀྱི་བཀའ་རེད་ཅེས་ཡིད་ཆེས་བྱེད་དགོས་པ་མ་རེད། དེ་ལ་བརྟག་དཔྱད་བྱོས་ཞེས་གསུངས་ཡོད། དེར་བརྟེན་པཱ་ལིའི་ཆོས་བརྒྱུད་དང་། ལྷག་པར་ལེགས་སྦྱར་གྱི་ཆོས་བརྒྱུད་ཀྱི་ནང་བཅོམ་ལྡན་འདས་ཀྱི་བཀའ་ལ་དཔྱད་པ་བྱེད་རྒྱུ་ཧ་ཅང་མང་པོ་ཡོང་གི་ཡོད། ཇི་ཙམ་གྱིས་བཅོམ་ལྡན་འདས་ཀྱི་བཀའ་ལ་དཔྱད་པ་བྱས་ན་ངེས་པ་འདྲེན་རྒྱུ་ཤུགས་ཆེ་རུ་འགྲོ་བ་མ་གཏོགས། དཔྱད་པ་བྱས་ན་རྗེས་སུ་དད་པ་རྐྱང་པའི་ཐོག་འགྲོ་རྒྱུ་ཆགས་ཀྱི་མ་རེད།བཅོམ་ལྡན་འདས་ཀྱི་ལུང་རྟོགས་ཀྱི་བསྟན་པ་ལ་ཞེ་ནས་དད་པ་ཐོབ་པ་ཞིག་དགོས། ངོས་ལ་ཆ་བཞག་ནའང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དང་། རྒྱ་ཆེ་བའི་ལམ་གྱི་རིམ་པ་དང་ཟབ་མོའི་ལམ་གྱི་རིམ་པ། བདག་གཞན་མཉམ་བརྗེའི་བློ་སྦྱོང་བཅས་ཉམས་ལེན་བྱས་ནས་ཞེ་ནས་དད་པ་ཐོབ་ཡོད། དེ་རིང་འདིར་ཆོས་གྲོགས་ཚོ་མཇལ་བ་དགའ་ཅང་དགའ་བོ་བྱུང་། ད་ལྟའི་དུས་ཚོད་འདིར་ངོས་ཀྱིས་སྤྱིར་འཛམ་གླིང་ཞི་བདེ་དང་། དེ་ནས་ཆོས་བརྒྱུད་ཚང་མ་མཐུན་པོ་ཡོང་བར་འབད་བརྩོན་བྱེད་ཀྱི་ཡོད། ཆོས་བརྒྱུད་ཚང་མར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་སེམས་པ་བཟང་པོ་བྱེད་རྒྱུ་དང་། འཚེ་བ་མི་བྱེད་པ་ཚང་མས་གསུངས་བཞིན་ཡོད། མུ་སྟེགས་པ་དང་རྒྱ་གར་གྱི་གཅེར་བུ་བ་སོགས་ཚང་མས་བྱམས་སྙིང་རྗེ་དང་བཟོད་པ་ཉམས་ལེན་བྱེད་པ། གཞན་ལ་འཚེ་བ་མི་བྱེད་པ་གཅིག་མཚུངས་སུ་གསུང་གི་ཡོད། ལྷག་པར་རྒྱ་གར་ལ་དར་བའི་ཆོས་ལུགས་ཁག་གིས་འཚེ་བ་མི་བྱེད་པ་ཤུགས་ཆེན་པོར་གསུང་གི་འདུག དེར་བརྟེན་རྒྱ་གར་ནང་ལོ་སྟོང་ཕྲག་གཉིས་ལྷག་གི་རིང་འཚེ་བ་མི་བྱེད་པ་ཨ་ཧིམ་སཱ་ (Ahimsa) ཟེར་བ་དང་། ཀ་རུ་ནཱ་ (karuna) ཞེས་བྱམས་བརྩེའི་ལྟ་གྲུབ་དེ་སླེབས་ཡོད།དེའི་ལེགས་པའི་ཆ་རུ་རྒྱ་གར་ནང་ཁ་ཆེའི་ཆོས་དང་ཡི་ཤུ། ཧིན་དུ་འདྲ་མིན། ཇེན་འདྲ་མིན་སོགས་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་ཀྱང་། རྒྱ་གར་ནི་ཆོས་ལུགས་མཐུན་འབྲེལ་གྱི་མིག་དཔེ་བལྟ་ས་ཞིག་ཡིན། ངོས་རང་བཙན་བྱོལ་བ་བྱས་ཏེ་རྒྱ་གར་དུ་ལོ་འདི་དག་ཕྱིན་པའི་རིང་རྒྱ་གར་དུ་འཚེ་བ་མི་བྱེད་པ་དང་ཆོས་ལུགས་ཀྱི་མཐུན་འབྲེལ་ནི་རྗེས་སུ་ཡི་རང་བྱེད་ས་དང་། སེམས་གཏིང་ནས་དགའ་ཚོར་སྐྱེས་དགོས་པ་ཞིག་འདུག དེ་རིང་འདིར་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་དང་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་དང་ཐུག་ནས་སྐད་ཆ་བཤད་རྒྱུ་བྱུང་བ་ཧ་ཅང་སྐལ་པ་བཟང་པོ་བྱུང་། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་ཁག་ལ་བཀའ་ལན་སྩལ། །