༄༅། །འདི་གར་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨོསྟྲེ་ལི་ཡཱའི་མངའ་སྡེ་ (New South Wales) ཁྱབ་ཁོངས་ས་གནས་ཝ་ག་ཝ་ག་ (Wagga Wagga) རུ་ས་གནས་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༡ ཟླ་༡༢ ཚེས་ ༡༡ རེས་གཟའ་སྤེན་པའི་ཉིན་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་བགྲང་བྱ་ཧྲིལ་པོ་སོ་གཉིས་འཁོར་བའི་དུས་དྲན་གཟབ་རྒྱས་སྲུང་བརྩི་ཞུས་ཡོད།
དེ་ཡང་ས་གནས་ཀྱི་ (Lake Albert Hall) ཚོགས་ཁང་ནང་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཨོ་གླིང་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ལྷ་དབང་རྒྱལ་པོ་ལགས་ཆེད་ཕེབས་ཀྱིས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་དང་མི་མང་ལ་ལམ་སྟོན་གསུང་བཤད་གནང་ཡོད། གཞན་ཡང་དེ་ཉིན་གྲོང་ཁྱེར་སྤྱི་ཁྱབ་པ་གཞོན་པ་སྐུ་ཞབས་ཊལ་ལ་སི་ཊོས་ཊི་ (Dallas tout) ལགས་ཀྱིས་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོའི་མཛད་འཕྲིན་ལ་ཆེ་བསྟོད་དང་འབྲེལ་མུ་མཐུད་བོད་མི་གང་མང་ཡུལ་འདིར་གནས་སྤོ་བྱ་རྒྱུར་དགའ་བསུ་དང་མཐུན་འགྱུར་གནང་རྒྱུ་ཡིན་པ་སོགས་གསུང་བཤད་གནང་།དེ་རྗེས་ས་གནས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྐུ་ཚབ་ལྕམ་ (Patricia burgess) ལགས་ཀྱིས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོ་སྤྲོད་སྙིང་བསྡུས་དང་འབྲེལ་བོད་ནང་གི་གནས་སྟངས་དང་བོད་ཀྱི་སྐད་ཡིག་རང་དབང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གཙོས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྣམས་བཙོན་གྲོལ་ཡོང་སླད་དྲིལ་བསྒྲགས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་མྱོང་ཡོད་པའི་གལ་ཆེའི་གསུང་བཤད་གནང་རྗེས་ཡུལ་ལུང་འདྲ་མིན་གྱི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམས་ནས་ཀྱང་རིམ་བཞིན་གསུང་བཤད་གནང་ཡོད།
མཇུག་ཏུ་སྐུ་མགྲོན་གཙོ་བོ་ཨོ་གླིང་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ལྷ་དབང་རྒྱལ་པོ་ལགས་ཀྱིས་གནས་བོད་མིར་མཐུན་འགྱུར་རོགས་ཕན་དང་མཛད་སྒོར་མཉམ་ཞུགས་གནང་བའི་སྐུ་མགྲོན་རྣམ་པར་ཐུགས་རྗེ་ཆེ་ཞུའི་མཇལ་དར་སྒྲོན་འབུལ་ཞུས་རྗེས། བོད་ཀྱི་འཁྲབ་གཞས་དང་དམངས་གླུ་སོགས་མི་མང་ལ་གཟིགས་འབུལ་ཞུས་ཏེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས། །