༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༡ རེས་གཟའ་སྤེན་པ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་དུས་དྲན་གྱི་དགའ་སྟོན་དང་བསྟུན་ཐའེ་ཝན་དགའ་ལྡན་ཤར་རྩེ་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། མགོན་པོ་གང་ཉིད་མཆོག་གིས་དྲ་ལམ་བརྒྱུད་བྱམས་བརྩེའི་སྒོ་ནས་འཛམ་གླིང་ཞི་བདེ་བསྐྲུན་པ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་བཤད་ལུང་སྩལ་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་མགོན་པོ་གང་ཉིད་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་མཇལ་འཕྲད་ཁང་དུ་ཆིབས་སྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་ཐའེ་ཝན་ནས་དྲ་ལམ་བརྒྱུད་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་སྐོར་གྱི་བརྙན་འཕྲིན་གཟིགས་འབུལ་ཞུས་རྗེས་ཐའེ་ཝན་གྱི་གཞོན་སྐྱེས་ཕོ་མོ་ཁག་གཅིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འདུན་དང་འབྲེལ་བའི་ཞབས་བྲོ་ཞིག་གཟིགས་འབུལ་ཞུས་གྲུབ་མཚམས་མདོ་འཛིན་པ་གཉིས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་མཛད་སྒོ་ངོ་སྤྲོད་དང་། ཚོགས་ཁང་དུ་ཕེབས་པའི་མི་བརྒྱ་ཕྲག་ཁ་ཤས་སྐུ་བཞེངས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་ཞུས་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ཆོས་གྲོགས་ཕོ་མོ་ཡོངས་དང་ལྷག་པར་ཧན་མི་རིགས་ཀྱི་ཆོས་གྲོགས་ཕོ་མོ་ཡོངས་ལ་འཚམས་འདྲི་ཡོད། ང་ཚོ་ལོ་ངོ་བརྒྱ་ཕྲག་ཁ་ཤས་རིང་ནས་འབྲེལ་བ་ཡོད། ཆབ་སྲིད་ཀྱི་གནས་སྟངས་ལྟ་བུར་མཚོན་ན་འགྱུར་བ་ཆེན་པོ་མང་པོ་ཕྱིན་ཡོད། སྐབས་རེར་ཉམས་པ་དང་། སྐབས་རེར་འཕེལ་བ་ཡོང་གི་རེད། འོན་ཀྱང་མི་ཡིན་པའི་ཆ་ནས་ཕན་ཚུན་འཆམ་མཐུན་གྱི་འདུ་ཤེས་དང་མཛའ་བརྩེའི་འདུ་ཤེས་གནས་ཀྱི་རེད།ངོས་ཀྱིས་བཤད་རྒྱུ་གཙོ་བོ་ནི་སངས་རྒྱས་ཀྱི་ཆོས་དང་འབྲེལ་ནས་ཡོང་གི་ཡོད། སྤྱིར་སངས་རྒྱས་པའི་ཆོས་ནི་རྒྱ་རིགས་དང་བོད་རིགས་གཉིས་ཀའི་ཆོས་བརྒྱུད་ཆགས་ཡོད། ཐུན་མོང་གི་རིག་གཞུང་ཆགས་ཡོད། སྔར་ངོས་རང་རྒྱ་ནག་ཏུ་ཕྱིན་པའི་སྐབས་སུ་དགོན་པ་ཧ་ཅང་མང་པོ་མཇལ་བྱུང་། དེར་སངས་རྒྱས་ཀྱི་སྐུ་ཧ་ཅང་མང་པོ་འདུག རྒྱ་བོད་གཉིས་ཁྱིམ་མཚེས་ཡིན་པ་ཙམ་མ་ཡིན་པར་ཆོས་ཕྱོགས་ཀྱི་ཐོག་ནས་འབྲེལ་བ་བཟང་པོ་རེད། བར་སྐབས་ཆབ་སྲིད་ཀྱི་དར་རྒུད་ཀྱིས་རྐྱེན་གྱིས་མི་མང་པོར་བསམ་ཚུལ་བྱུང་ཡོད། རྒྱ་བོད་གཅིག་སྒྲིལ་ནི་ངོས་ཀྱི་བསམ་པར་ཧ་ཅང་གལ་ཆེན་པོ་རེད། ཆབ་སྲིད་ཀྱི་གནས་ཚུལ་ལ་བསམ་བློ་བཏང་བ་ཡིན་ན་དར་རྒུད་སྣ་ཚོགས་ཡོང་གི་རེད། འོན་ཀྱང་ང་ཚོ་མི་ཞིག་ཡིན་པའི་ཆ་ནས་ང་ཚོར་ལོ་ངོ་སྟོང་ཕྲག་གོང་ནས་ཡོད་པའི་འབྲེལ་བ་བཟང་པོ་དེ་མུ་མཐུད་ནས་གནས་དགོས་པ་རེད། ད་ལྟའི་བར་དུ་འབྲེལ་བ་བཟང་པོ་འགྱུར་བ་མེད་པར་གནས་ཡོད། དེར་བརྟེན་དེ་རིང་འདིར་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་བོ་བྱུང་།དེ་རིང་གི་བརྗོད་གཞི་ནི་བྱམས་བརྩེའི་སྒོ་ནས་འཛམ་གླིང་ཞི་བདེ་བསྐྲུན་པ་ཞེས་པ་འདི་རེད། མི་གཅིག་པུ་མ་ཡིན་པར་བྱ་རི་དྭགས་སོགས་སྲོག་ཆགས་ཚང་མ་ཞི་བདེ་ལ་དགའ་བ་རེད། གང་ལྟར་འཛམ་གླིང་འདིར་སྲོག་ཆགས་རིགས་མི་འདྲ་བ་ཧ་ཅང་མང་པོ་ཞིག་ཡོད་པའི་ནང་ཕྱོགས་གཅིག་ནས་འདོད་རྔམས་ཚ་ཤོས་མི་ཆགས་ཡོད། དེ་ནི་མིའི་ལྷན་སྐྱེས་སྡུག་ཆགས་ཡིན་པའི་སྐད་ཆ་མ་རེད། མི་ཡིས་བསམ་བློ་འདྲ་མི་འདྲ་འཁོར་ཐུབ་པ་དང་། བསམ་བློ་དེ་ཉོན་མོངས་ཀྱི་གྲོགས་ལ་ཕྱིན་པའི་ཐོག་ནས་འཛམ་གླིང་ལོ་རྒྱུས་ཀྱི་ཐོག་མིས་རྙོག་གྲ་བཟོས་པ་མང་ཤོས་ཆགས་ཡོད། སྟག་དང་གཟིག འདམ་སེང་སོགས་ཤ་ཟ་མཁན་རེད། སོ་ལ་ཆ་བཞག་ན་མཆེ་བ་ཅན་དང་གཞན་གྱི་སྲོག་གཅོད་པ་གཟུགས་པོའི་ཆ་ནས་རང་བཞིན་གྱིས་གྲུབ་ཡོད་ཀྱང་ཁོ་ཚོ་གྲོད་ཁོག་ལྟོགས་པའི་སྐབས་སུ་སེམས་ཅན་བསད་ནས་ཟ་བཞིན་ཡོད་པ་མ་གཏོགས་ལྷོད་ལྷོད་དུ་ཡོད་པའི་སྐབས་སུ་རྙོག་གྲ་བཟོ་མཁན་མི་འདུག ང་ཚོ་མི་ནི་ལྟོ་གོས་ཀྱི་གནས་སྟངས་འགྲིག་ཐག་གཅོད་དང་། རྙོག་གྲ་གཞན་གང་ཡང་མེད་ཀྱང་ཆགས་སྡང་གི་བློ་དེས་རྐྱེན་གྱིས་རྙོག་གྲ་མང་པོ་བཟོ་བ། མིའི་སྤྱི་ཚོགས་ནང་དུ་འཁྲུགས་སྡོད་པ་ནི་མི་སྡུག་ཤོས་རེད། དེ་བཅོས་རྒྱུ་ཡོད་པ་རེད་དམ་ཞེ་ན་དེ་ལ་བཅོས་རྒྱུ་ཡོད།མིའི་ལྷན་སྐྱེས་རང་བཞིན་ནི་བྱམས་བརྩེའི་རང་བཞིན་རེད། དེའི་རྒྱུ་མཚན་གསལ་ཤོས་ནི་ང་ཚོ་སྐྱེས་པའི་སྐབས་སུ་མ་ཡི་གཅེས་སྐྱོང་གི་ཐོག་ནས་འཚོ་དགོས་ཀྱི་ཡོད། མའི་བརྩེ་བ་མེད་ན་ང་ཚོ་འཚོ་མི་ཐུབ། དེར་བརྟེན་ཆུང་ཆུང་སྐབས་ནས་བརྩེ་བ་ནི་མི་ཚེ་འཚོ་བའི་རྩ་བ་དང་གལ་ཆེ་ཤོས་ཆགས་ཡོད། ངོས་ཀྱིས་རྒྱུན་དུ་ཤོད་བཞིན་ཡོད། མིའི་ལྷན་སྐྱེས་བརྩེ་བའི་རང་བཞིན་དང་སྙིང་རྗེའི་རང་བཞིན་ཡོད། གཅིག་གིས་གཅིག་ལ་བརྩེ་བ་ཡོད། འོན་ཀྱང་སློབ་ཆུང་གི་སློབ་གྲྭའི་ནང་དུ་སླེབས་པའི་སྐབས་སུ་དེའི་སྐོར་མང་པོ་ཤོད་མཁན་མེད། སློབ་སྦྱོང་ནི་སོ་སོ་རྒྱལ་ཁ་ཐོབ་པ་ཞིག་དང་། ཁྲ་ཁྲ་ཟང་ཟིང་མང་པོ་མཐོང་ཡོང་སྐབས་དེ་དག་གིས་ཡིད་འཕྲོག་ནས་འགྲོ་བཞིན་པ་ཞིག་ཡིན་པས་ནོར་འཁྲུལ་གཙོ་བོ་དེ་རེད།
ཤེས་ཡོན་གྱི་སྡེ་ཚན་ནང་དུ་བྱམས་
རིམ་བཞིན་ཆོས་ལུགས་འདྲ་མིན་དར་ཡོང་སྐབས་བརྩེ་བ་གོང་འཕེལ་ཇི་ལྟར་གཏོང་ཚུལ། མིའི་ལྷན་སྐྱེས་ཀྱི་བཟང་པོའི་ཡོན་ཏན་བྱམས་བརྩེ་ཇི་ལྟར་ཡར་རྒྱས་གཏོང་དགོས་ཀྱི་འདུག་ཅེས་མི་རབས་མང་པོའི་རིང་ལ་བསམ་བློ་བཏང་བ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱང་དེ་བཞིན་རེད། མིའི་དཀའ་ངལ་ལ་དགོངས་པ་བཞེས་ཡོང་བའི་སྐབས་སུ་སེམས་བཏུལ་ན་བདེ་བ་དང་། སེམས་མ་བཏུལ་ན་སྡུག་བསྔལ་ཡིན་པས་སེམས་འདུལ་ཚུལ་གལ་ཆེན་པོ་བྱས་ནས་གསུངས་ཡོད། ནུབ་ཕྱོགས་ལ་ཆ་བཞག་ན་ཡི་ཤུའི་ཆོས་རེད། ཡི་ཤུའི་ཆོས་ཀྱིས་ཀྱང་སེམས་དུལ་པོ་བཟོ་སྟངས་དང་བྱམས་བརྩེ་ཤུགས་ཆེ་རུ་གཏོང་བ་བཅས་རེད། ཁ་ཆེའི་ཆོས་ལ་ཆ་བཞག་ནའང་དཀོན་མཆོག་ལ་ཡིད་ཆེས་བྱས་ཏེ་བསླབ་བྱ་གཙོ་བོ་བྱམས་བརྩེའི་སྒང་སླེབས་ཀྱི་འདུག དེར་བརྟེན་ཆོས་ལུགས་འདྲ་མིན་ཚང་མས་མི་ལ་དགོས་མཁོ་ཆེ་བའི་བྱམས་བརྩེ་ཡར་རྒྱས་གཏོང་ཆེད་བྱུང་བ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཤད་ལུང་སྩལ་བ་དང་། མཐར་ཐའེ་ཝན་དགའ་ལྡན་ཤར་རྩེ་ཆོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ནས་ནད་པ་དབོར་འདྲེན་རླངས་འཁོར་ཞིག་དགོས་ངེས་ཆེ་བའི་ཚོགས་སྡེ་ཞིག་ལ་ཞལ་འདེབས་ཕུལ་ཡོད་པ་བཅས། །