༄༅། ། ཇར་མ་ནཱིའི་སྲིད་བློན་ཟུར་པ་ལྕམ་སྐུ་ཨན་གྷི་ལ་མར་ཀེལ་ (Angela Merkel) མཆོག་རྒན་ཡོལ་དུ་ཕེབས་འགོ་བཙུགས་པ་དང་བསྟུན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༠ ཉིན་ལྕམ་སྐུ་ཨན་གྷི་ལ་མར་ཀེལ་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཏེ་ལྕམ་སྐུ་མཆོག་གིས་འདས་པའི་ལོ་ངོ་བཅུ་དྲུག་རིང་ཇར་མ་ནཱིའི་སྲིད་བློན་གྱི་ཐུགས་འགན་བཞེས་ནས་ཕྱག་ལས་གནང་བར་རྗེས་སུ་ཡི་རང་དང་། ལྕམ་སྐུ་མཆོག་ནི། འཁྲུག་འཁྱོམ་ཆེ་བའི་འཛམ་གླིང་འདི་ཉིད་སྲ་བརྟན་བཟོ་མཁན་གྱི་དབུ་ཁྲིད་ཅིག་ཆགས་ཡོད། ཅེས་འགྲེལ་བརྗོད་ཀྱིས་འཚམས་འཕྲིན་སྩལ་ཡོད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་སྐུ་ཨན་གྷི་ལ་མར་ཀེལ་མཆོག་ལ་འཚམས་འཕྲིན་བསྩལ་བའི་ནང་འཁོད་དོན། སྐུ་ཉིད་ཀྱིས་ལངས་ཕྱོགས་བརྟན་པོ་བཟུང་སྟེ་མིག་རྒྱང་རིང་པོ་དང་རང་ནུས་ཅི་ཅོག་གིས་མི་མང་གི་མངོན་འདོད་བསྒྲུབས་ཡོད། སྐུ་ཉིད་ཀྱིས་གཡོ་བ་མེད་པར་དབུ་ཁྲིད་དེ་ཕྱག་ལས་གནང་བ་དང་། ལྷག་པར་ཡུ་རོབ་སྤྱི་མཐུན་ཚོགས་པའི་ནང་སྣེ་ཁྲིད་དེ་ཕྱག་ལས་གནང་བ་དེས་ཇར་མ་ནཱི་ཙམ་མ་ཟད་འཛམ་གླིང་ཡོངས་ལའང་སེམས་ཤུགས་དང་རེ་བའི་འོད་སྣང་སྦྱིན་ཡོད།
ངོས་ཀྱིས་ཡུ་རོབ་སྤྱི་མཐུན་ཚོགས་པར་ཡིད་སྨོན་བྱེད་ཀྱི་ཡོད། རྒྱུ་མཚན་ནི་ཡུ་རོབ་སྤྱི་མཐུན་ཚོགས་པས་ཐུན་མོང་གི་ཁེ་ཕན་ཆེན་པོ་ཞིག་སྒྲུབ་ཀྱི་ཡོད། མཉམ་འབྲེལ་ཚོགས་པའི་འདུ་ཤེས་འདིས་ཨ་ཕ་རི་ཀ་དང་། ལ་ཊིན་ཨ་མི་རི་ཀ། ཨེ་ཤི་ཡ་བཅས་ཀྱི་ནང་དུའང་ཡུ་རོབ་སྤྱི་མཐུན་ཚོགས་པ་ལྟ་བུ་འཛུགས་རྒྱུར་སེམས་ཤུགས་བསྐྱེད་དུ་འཇུག་གི་རེད་ལ། དེས་འཛམ་གླིང་ཞི་བདེ་དང་ཡར་རྒྱས་ཡོང་བར་ཞབས་འདེགས་བསྒྲུབ་ཐུབ་ཀྱི་རེད། ངོས་ཀྱིས་སྐུ་ཉིད་ལ་ཧ་ཅང་བརྩི་བཀུར་ཞུ་ཡི་ཡོད་པ་མ་ཟད། ངེད་གཉིད་དེ་སྔ་མཇལ་འཕྲད་བྱུང་བའི་གོ་སྐབས་དེ་དག་རྩ་ཆེན་པོ་རྩི་ཡི་ཡོད།
སྐུ་ཉིད་ཀྱིས་མུ་མཐུད་འཛམ་གླིང་བྱམས་བརྩེ་ལྡན་པ་དང་། གོ་མཚོན་མེད་པ་ཞིག་ཏུ་བསྒྱུར་རྒྱུའི་མཚོན་པའི་ང་ཚོའི་ཁྱིམ་གཞི་གཅིག་པུ་སྟེ་གོ་ལ་འདི་ཉིད་བྱམས་བརྩེ་ལྡན་པ་ཞིག་བསྐྲུན་རྒྱུར་སློབ་སྟོན་གནང་རྒྱུའི་རེ་བ་ཡོད། ཅེས་འཁོད་ཡོད།
མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་སྐུ་ཨན་གྷི་ལ་མར་ཀེལ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཀྱི་ཐུགས་སྨོན་མཛད་ཡོད་པ་བཅས།།
གསུང་འཕྲིན་ངོ་མ་ཨིན་ཡིག་ཐོག་སྩལ་ཡོད་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།