༄༅། །བོད་རྒྱལ་ལོ་ ༢༡༤༨ ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༠ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༢ འཁོར་བའི་དུས་ཆེན་གྱི་མཛད་སྒོ་བཞུགས་སྒར་རྡ་ས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་ནང་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། དྲུང་ཆེ་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ་བཅས་ལྷན་འཛོམས་ཀྱིས་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་བརྙན་དཔར་ཐོག་སྤྱན་འབུལ་ཞུས་པ་དང་འབྲེལ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་།དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་དབྱངས་མཉམ་གཞས་ཕུལ་གྲུབ་མཚམས་རྟེན་འབྱུང་གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་ཞུས་རྗེས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་གནང་མཁན་ཞབས་ལོ་ ༢༥ ལོན་པའི་དབུས་སྨན་རྩིས་ཁང་གི་ཁ་ལོ་བ་རིག་འཛིན་རྣམ་རྒྱལ་ལགས་ལ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་གིས་གཟེངས་བསྟོད་ལེགས་སྐྱེས་གནང་།དེ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོངས་སྦྱང་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པ་ནས་འཁྲབ་གཞས་ཕུ་ཡི་གནས་ཆེན་རིང་པོ་ཞེས་པ་གཟིགས་འབུལ་ཞུས་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་ཕྱོགས་སྒྲིག་ཞུས་པའི་ཕྱི་ལོ་ ༡༩༥༩ ནས་ཕྱི་ལོ་ ༢༠༢༡ བར་རྒྱལ་སྤྱིའི་ཐོག་ནས་བོད་དོན་ཐོག་གྲོས་ཆོད་བཞག་པ་དང་ངོས་འཛིན་གནང་བ་ཁག་ཕྱོགས་སྒྲིག་ཞུས་པའི་དཔེ་དེབ་ (International Resolutions & Recognitions on Tibet,1959-2021) ཞེས་པ་དབུ་འབྱེད་གནང་སྟེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་། དེ་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་འོས་བསྡུ་ལས་ཁང་ནས་བཟོ་སྐྲུན་གནང་བའི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་དང་འབྲེལ་བའི་གློག་བརྙན་ ༼ ང་ཚོའི་འོས་ནི། ང་ཚོའི་མ་འོངས། ༽ ཞེས་པ་དུས་ཡུན་སྐར་མ་ ༣༠ ཅན་ཞིག་དབུ་འབྱེད་གནང་།
མཐར་བོད་ཀྱི་ཟློས་གར་ཚོགས་པ་ནས་ཆོལ་གསུམ་མི་རིགས་གསང་གསུམ་གྱི་མཛད་པ་ཞེས་པ་གཟིགས་འབུལ་ཞུས་ཏེ་གཞུང་འབྲེལ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས། །