༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༩ ཉིན་སྐུ་ཞབས་ཨོ་ལ་ཧྥི་ཤོལ་ཛི་ (Olaf Scholz) མཆོག་ཇར་མ་ནཱིའི་སྲིད་བློན་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། སྐུ་ཉིད་ཀྱིས་བསམ་ཤེས་དང་། དངོས་ཡོད་གནས་ཚུལ་དང་མཐུན་པའི་སྒོ་ནས་མུ་མཐུད་ཇར་མ་ནཱིའི་དཔལ་འབྱོར་ཡར་རྒྱས་གཏང་རྒྱུ་ཡིན་པ་མ་ཟད། འཛམ་གླིང་གི་རང་དབང་དང་། མང་གཙོ། ཁྲིམས་ཀྱི་དབང་བསྒྱུར། འགྲོ་བ་མིའི་ཐོབ་ཐང་བཅས་ལ་རྒྱབ་སྐྱོར་གྱིས་ཐུགས་འགན་གཙོ་བོ་བཞེས་གནང་རྒྱུ་ཡིན་པ་ངོས་རང་ལ་ཡིད་ཆེས་ཡོད།
ཇར་མ་ནཱི་ཡིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྟོབས་ཤུགས་དང་སྲ་བརྟན་སླད་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་པ་དེས་འཛམ་གླིང་ཡོངས་ལ་སེམས་ཤུགས་དང་རེ་བའི་འོད་སྣང་སྦྱིན་ཡོད། འདས་པའི་ལོ་ངོ་བཅུ་ཕྲག་བཞི་ལྷག་རིང་ངོས་རང་ཇར་མ་ནཱི་ནང་ཐེངས་ཁ་ཤས་བསྐྱོད་མྱོང་ཡོད་ལ། གུ་ཡངས་དང་བྱམས་བརྩེ་ལྡན་པའི་ཇར་མ་ནཱིའི་རྒྱ་ཆེ་མང་ཚོགས་ཀྱིས་ངོས་ལ་ཧ་ཅང་སེམས་འགུལ་ཐེབས་བཅུག་སོང་། ངོས་ཀྱིས་འཛམ་གླིང་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་སྤེལ་བཞིན་པར་ཇར་མ་ནཱི་མི་མང་གིས་དོ་སྣང་དང་དགའ་མོས་གནང་སྟབས་ངོས་རང་ལ་སྙིང་སྟོབས་བསྐྱེད་བྱུང་།
གོ་སྐབས་འདི་བརྒྱུད་ངོས་ཀྱིས་ཇར་མ་ནཱིའི་མི་མང་གིས་མཛའ་བརྩེ་ལྡན་པའི་སྒོ་ནས་བོད་ནང་གི་བོད་མིའི་གནས་སྟངས་ལ་ཐུགས་ཁུར་གནང་བཞིན་པར་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན། ཇར་མ་ནཱིའི་སྲིད་བློན་ལྕམ་སྐུ་ཨན་གྷི་ལ་མར་ཀེལ་( Angela Merkel) མཆོག་སྒེར་གྱི་ངོས་ནས་ཀྱང་བོད་ནང་གི་བོད་མིའི་གནས་སྟངས་ལ་ཐུགས་ཁུར་གནང་ཡོད་པས་ངོས་ཀྱིས་ཁོང་ལ་རྗེས་སུ་ཡི་རང་ཞུས་ཡོད། ཅེས་འཁོད་ཡོད།
མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇར་མ་ནཱིའི་སྲིད་བློན་གསར་པ་སྐུ་ཞབས་ཨོ་ལ་ཧྥི་ཤོལ་ཛི་མཆོག་གིས་མདུན་དུ་ཡོད་པའི་དཀའ་ངལ་རྣམས་ལ་གདོང་ལེན་གནང་སྟེ་ཇར་མ་ནཱིའི་མི་མང་གི་མངོན་འདོད་དང་རེ་བ་བསྐང་ཐུབ་པའི་ཐུགས་སྨོན་མཛད་ཡོད་པ་བཅས།།
གསུང་འཕྲིན་ངོ་མ་ཨིན་ཡིག་ཐོག་སྩལ་ཡོད་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།