༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༨ ཉིན་རྒྱ་གར་གྱི་བདེ་སྲུང་སྤྱི་ཁྱབ་དམག་སྤྱི་བི་པིན་རཱ་ཝ་ཊ་ (Bipin Rawat) ལགས་ཀྱིས་གཙོས་བདེ་སྲུང་མཐོ་རིམ་ལས་བྱེད་མི་སྣ་གཞན་ཁག་གཅིག་བཅས་ཐད་འཕུར་གནམ་གྲུ་བརྡབ་སྐྱོན་བྱུང་ནས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༩ ཉིན་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན།
ངོས་ཀྱིས་རྒྱ་གར་གྱི་བདེ་སྲུང་སྤྱི་ཁྱབ་དམག་སྤྱི་བི་པིན་རཱ་ཝ་ཊ་ (Bipin Rawat) ལགས་ཀྱིས་གཙོས་ཁོང་དང་ལྷན་དུ་ཕྱོགས་བསྐྱོད་གནང་མཁན་གཞན་ཁག་གཅིག་བཅས་ཐད་འཕུར་གནམ་གྲུ་བརྡབ་སྐྱོན་བྱུང་ནས་འདས་གྲོངས་སུ་གྱུར་པའི་གནས་ཚུལ་གོ་ཐོས་བྱུང་བས་ཧ་ཅང་བློ་ཕམ་བྱུང་། ངོས་ཀྱིས་རྒྱ་གར་གྱི་བདེ་སྲུང་སྤྱི་ཁྱབ་དམག་སྤྱི་བི་པིན་རཱ་ཝ་ཊ་ལགས་ཀྱིས་གཙོས་ཁོང་གི་ཕྱག་རོགས་རྣམ་པར་ཐུགས་སྨོན་དང་། སྟབས་མ་ལེགས་པའི་རྐྱེན་ངན་གོད་ཆག་འདིའི་ཁྲོད་འདས་གྲོངས་སུ་གྱུར་བའི་རྒྱ་གར་གྱི་བདེ་སྲུང་སྤྱི་ཁྱབ་དམག་སྤྱི་བི་པིན་རཱ་ཝ་ཊ་ལགས་དང་ཁོང་གི་ཕྱག་རོགས་རྣམ་པའི་ནང་མི་སྤུན་མཆེད་བཅས་ལ་སྙིང་ཐག་པ་ནས་ཐུགས་གསོ་ཞུ་རྒྱུ་ཡིན།
ངོས་ཀྱིས་རྒྱ་གར་གྱི་བདེ་སྲུང་སྤྱི་ཁྱབ་དམག་སྤྱི་བི་པིན་རཱ་ཝ་ཊ་ལགས་ཀྱིས་རྒྱལ་ཁབ་ཀྱི་སླད་དུ་ཡུན་རིང་ཞབས་འདེགས་བསྒྲུབས་པར་གུས་འདུད་ཞུ་ཡི་ཡོད། ཅེས་འཁོད།།
གསུང་འཕྲིན་ངོ་མ་ཨིན་ཡིག་ཐོག་སྩལ་ཡོད་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།