༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་དང་སྲོག་གི་ལྟེ་གནས་ཁང་གིས་གོ་སྒྲིག་ཞུས་དོན་ལྟར། ཚན་རིག་པ་གཉིས་དང་ལྷན་དུ་གཉན་འཕྲང་ཅན་གྱི་སྐབས་སུ་རེ་བ་དང་སྙིང་སྟོབས། བྱམས་བརྩེ་བཅས་དང་དུ་ལེན་པ་ (Embracing Hope, Courage and Compassion in Times of Crisis) ཞེས་པའི་བརྗོད་གཞིའི་ཐོག་དྲ་ལམ་བརྒྱུད་བགྲོ་གླེང་དང་དྲི་བ་དྲིས་ལན་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༥ ཙམ་ལ་མགོན་པོ་གང་ཉིད་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་མཇལ་འཕྲད་ཁང་དུ་ཆིབས་སྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་སེམས་དང་སྲོག་གི་ལྟེ་གནས་ཁང་གི་ཚོགས་གཙོ་སུ་སཱན་ (Susan Bauer-wu) ལགས་ཀྱིས་ཕེབས་བསུ་དང་འབྲེལ་སེམས་དང་སྲོག་གི་ལྟེ་གནས་ཁང་ནས་གཉན་འཕྲང་ཅན་གྱི་སྐབས་སུ་རེ་བ་དང་སྙིང་སྟོབས། བྱམས་བརྩེ་བཅས་དང་དུ་ལེན་པ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་དྲི་བར་བཀའ་ལན་གནང་རྒྱུར་གསོལ་འདེབས་ཞུས་དོན་ལྟར་ཞལ་བཞེས་གནང་བར་བཀའ་དྲིན་ཆེ་ཞེས་ཞུས་པ་དང་། བརྗོད་གཞི་འདི་ནི་ང་ཚོ་ཚང་མར་ཧ་ཅང་དགོས་མཁོ་ཆེ་བ་དང་ཕན་ཐོགས་ཡོད་པ་ཞིག་ཆགས་ཡོད། ཅེས་སོགས་ཀྱི་ངོ་སྤྲད་གནང་གྲུབ་མཚམས་ཝ་སི་ཀོན་སིན་གཙུག་ལག་སློབ་གཉེར་ཁང་གི་སེམས་ཁམས་འཕྲོད་བསྟེན་ཉམས་ཞིབ་ལྟེ་གནས་ཁང་བརྒྱུད་མིའི་སྒོམ་སྒྲུབ་ཉམས་ལེན་ཁང་གི་འགན་འཛིན་སློབ་དཔོན་ཇོན་ཌཱན་ (John Dunne) ལགས་ཀྱིས་མཛད་རིམ་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བ་དང་ལྷན་དུ་བཀའ་མོལ་ཞུ་རྒྱུ་བྱུང་བ་ཧ་ཅང་སྐལ་བ་བཟང་པོ་བྱུང་། སེམས་དང་སྲོག་གི་ལྟེ་གནས་ཁང་ནས་གོ་སྒྲིག་བྱས་པ་མང་པོ་ཞིག་གི་ནང་ནས་དེ་རིང་འདི་གཅིག་ཆགས་ཡོད། དེང་རབས་ཚན་རིག་པ་དང་ནང་པའི་ཚན་རིག་པ་དང་མཉམ་དུ་གྲོས་བསྡུར་གནང་བ་ནི་ང་རང་གིས་མཚོན་པའི་མི་ཧ་ཅང་མང་པོར་ཕན་ཐོགས་ཆེན་པོ་བྱུང་གི་ཡོད། ང་ཚོའི་བརྗོད་གཞིའི་ནང་དུ་གཉན་འཕྲང་ཅན་གྱི་སྐབས་སུ་ཞེས་ཐ་སྙད་ཡོད་པ་བཞིན་དེང་སང་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་གྱིས་མི་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་ཡོད། ལྷག་པར་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དང་། ཕན་ཚུན་མི་མཐུན་པ་སོགས་ཀྱི་དཀའ་ངལ་མང་པོ་ཞིག་ཡོད་པས་སེམས་ཀྱི་གནས་སྟངས་ཧ་ཅང་གཉན་འཕྲང་ཅན་ཆགས་ཡོད། འདི་དག་གི་ཐོག་ལ་ཉམས་ཞིབ་གནང་མཁན་སློབ་དཔོན་མང་པོ་ཞིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མ་འོངས་པར་གནས་སྟངས་འདི་དག་ལ་གདོང་ལེན་བྱེད་པའི་ཐབས་ལམ་གང་ཡོད་བཀའ་འདྲི་ཞུ་རྒྱུ་རེད། ཅེས་མཛད་རིམ་དབུ་འཛུགས་གནང་།དེ་ནས་སྐུ་སྐྱེས་མ་སློབ་དཔོན་ཆེན་མོ་ཨེ་ལའེ་སཱ་ཨེ་ཕེལ་ (Elissa Epel) ལགས་ཀྱིས་ཡིད་བརྟན་མེད་པའི་སྣང་ཚུལ་ནི་ཆོས་ཉིད་ཡིན་པས་གཡོལ་ཐབས་མེད་ཀྱང་། དེའི་ཐོག་ནས་སེམས་འཚབ་དང་དངངས་སྐྲག་ཤུགས་ཆེན་པོ་མི་ཡོང་བའི་ཐབས་ཤེས་གང་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་གང་ཉིད་ཀྱིས་བཀའ་ལན་སྩལ་དོན། དེ་རིང་འདིར་ཚན་རིག་པ་ཚོ་དང་མཉམ་དུ་དྲ་རྒྱ་ཐོག་ནས་གྲོས་བསྡུར་བྱེད་པར་ངོས་རང་ཧ་ཅང་དགའ་པོ་བྱུང་བ་མ་ཟད། གོ་སྐབས་བཟང་པོ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། ཡིད་བརྟན་མེད་པའི་གནས་སྟངས་ཞེས་པ་ནི་ང་ཚོ་ནང་པའི་བསམ་བློ་གཏོང་སྟངས་ཀྱི་ཆ་ནས་ཆོས་གང་དང་གང་ཡིན་ནའང་མི་རྟག་པ་དང་། མི་རྟག་པ་ནི་ག་དུས་ཡིན་ནའང་འགྱུར་བ་འགྲོ་བཞིན་ཡོད་པ། མ་འོངས་པ་ལྐོག་གྱུར་ཆགས་འགྲོ་གི་ཡོད། དེ་ནི་དངོས་པོའི་གཤིས་ལུགས་རེད། ང་ཚོར་འཕྲད་བཞིན་པའི་གནམ་གཤིས་འགྱུར་ལྡོག་གིས་མཚོན་པའི་དཀའ་ངལ་གྱི་རིགས་ཁ་ཤས་ནི་རང་བྱུང་རེད། དཀའ་ངལ་རིགས་ཁ་ཤས་ནི་ང་ཚོ་མིས་བཟོས་པ་ཆགས་ཡོད། རི་ལུང་དུ་གནས་པའི་སྟག་གཟིག་ལྟ་བུ་ཤ་གཟན་སེམས་ཅན་ཡིན་ནའང་གྲོད་ཁོག་རྒྱག་དུས་སེམས་ཅན་གསོད་ཀྱི་མ་རེད། འོན་ཀྱང་ང་ཚོ་འགྲོ་བ་མིའི་རིགས་ནི་སྐབས་རེར་དགོས་མེད་ཀྱི་རྣམ་རྟོག་སྐྱེས་པ་དང་། ངོས་ཀྱི་བསམ་པ་ལ་བསམ་བློ་གུ་དོག་པོ་བྱས་ཏེ་འཛམ་གླིང་ལ་དཀའ་ངལ་མང་པོ་བཟོ་བཞིན་ཡོད། ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་གོང་དུ་མིས་དཀའ་ངལ་བཟོས་ཡོད་པ་རེད། ད་ལྟའི་དུས་རབས་འདིར་ཡང་མིས་དཀའ་ངལ་བཟོས་ཡོད། དཔེར་ན་དམག་ཆེན་དང་པོ་དང་གཉིས་པ་ལྟ་བུ་རེད། དེའི་ཐོག་ལ་དཀའ་ངལ་བཟོས་པ་ཙམ་མ་ཡིན་པར་གོ་མཚོན་བཟོ་བའི་དོོན་དུ་དངུལ་འབོར་ཆེན་བཏང་ཡོད།དྲག་རྩུབ་བྱེད་པ་ནི་མིའི་རང་བཞིན་ལྷན་སྐྱེས་དང་འགལ་བ་ཞིག་ཆགས་ཡོད། སྟག་ལྟ་བུ་ནི་ཤ་གཟན་ཡིན་པས་མཆེ་བ་རྣོན་པོ་ཡིན་པ་དང་། མིའི་སོ་ཡིས་ཉ་ལྟ་བུ་ལ་སོ་རྒྱག་ཐུབ་ན་མ་གཏོགས་ཤ་གཟན་རིགས་ཀྱི་སོ་དང་ལོག་ཁ་རེད། ང་ཚོ་གདོང་པའི་ཆགས་དབྱིབས་ལྟ་བུ་ཡིན་ནའང་ཞི་བདེ་བག་ཕེབས་ཀྱི་རང་བཞིན་ཆགས་ཡོད། དུས་ཚོད་ནི་ག་དུས་ཡིན་ཀྱང་འགྱུར་བ་འགྲོ་བཞིན་ཡོད། འགྱུར་བ་དེ་དག་གི་ནང་དུ་ང་ཚོས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་སེམས་ཀྱི་ཞི་བདེ་མ་འཁྲུགས་པ་དང་། སྲ་བརྟན་དུ་གཏོང་བ། དེ་ལ་བརྟེན་ནས་སོ་སོའི་མི་ཚེ་དོན་དང་ལྡན་པ། སྤྱི་ཚོགས་ནང་ཞི་བདེ་བག་ཕེབས་ཡོད་པ་བཟོ་དགོས་པ་དང་། དེ་ལས་རྒྱ་བསྐྱེད་ན་ང་ཚོ་འགྲོ་བ་མི་ཚང་མས་འཛམ་གླིང་ཞི་བདེ་ཅན་ཞིག་བསྐྲུན་ཐུབ་པ་ཏན་ཏན་ཡོང་གི་རེད། མིའི་རང་བཞིན་ལྷན་སྐྱེས་ཀྱི་གཤིས་ཀ་དང་དེ་ལ་བརྟེན་ནས་རྒྱ་ཆེ་ས་ནས་བསམ་བློ་གཏོང་ཐུབ་པ་ཡིན་ན་འཛམ་གླིང་ཞི་བདེ་ཅན་དང་བདེ་སྐྱིད་དང་ལྡན་པ་ཞིག་ཏུ་ང་ཚོས་ཏན་ཏན་བསྒྱུར་ཐུབ་ཀྱི་རེད།འདས་པའི་གནས་ཚུལ་ནི་འདས་ཟིན་པ་རེད། འདས་པའི་དུས་རབས་ཀྱི་ནང་སོ་སོའི་མི་རིགས་དང་སོ་སོའི་རྒྱལ་ཁབ་ལ་བསམ་བློ་མང་པོ་བཏང་ཡོད། དེང་སང་དངོས་ཡོད་དང་བསྟུན་པའི་སྒོ་ནས་འཛམ་གླིང་སྤྱི་དང་འགྲོ་བ་མིའི་རིགས་སྤྱི་ལ་སེམས་ཁུར་ལེན་དགོས་པ་དངོས་ཡོད་གནས་ཚུལ་ཆགས་ཡོད། དེ་ལྟ་བུའི་བསམ་བློ་གཏོང་སྟངས་ནི་ངོས་རང་སྒེར་ལ་མཚོན་ནའང་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་། བོད་དང་རྒྱ་གར་ནི་ལོ་རྒྱུས་ཐོག་ནས་འབྲེལ་བ་ཟབ་མོ་ཡོད་པ་མ་ཟད། རྒྱ་གར་ནི་ཞི་བདེ་ཅན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད། དེ་བཞིན་རྒྱ་གར་དུ་ཆོས་ལུགས་སྣ་ཚོགས་པ་ཡོད། དེར་བརྟེན་སྐབས་རེར་ངོས་ཀྱི་བསམ་པ་ལ་པོ་ཏཱ་ལའི་ནང་དུ་བཞུགས་ཁྲི་མཐོ་བོ་ཞིག་ལ་སྡོད་པ་ལས་རྒྱ་གར་ནང་དུ་བཙན་བྱོལ་བ་བྱས་ཏེ་སྡོད་པ་ཡག་པོ་འདུག་དྲན་བཞིན་ཡོད། ང་ཚོ་འཛམ་གླིང་འདིར་གནས་པའི་འགྲོ་བ་མི་ཞིག་ཡིན་པ་གཅིག་མཚུངས་ཆགས་ཡོད་སྟབས། མཉམ་དུ་སྡོད་དགོས་པ་ནི་འདོད་པ་ཡོད་མེད་ལ་ལྟོས་མེད་ཆགས་ཡོད། རྒྱ་གར་ནི་རང་དབང་ཅན་གྱི་རྒྱལ་ཁབ་ཡིན་པས་སྨྲ་བརྗོད་རང་དབང་དང་བསམ་བློ་གཏོང་རྒྱུར་ཧ་ཅང་གུ་ཡངས་ཡོད། གལ་སྲིད་བོད་དུ་ཡོད་ཚེ་གཞུང་གི་འགྲོ་ལུགས་འགྲོ་སྟངས་མང་པོ་ཞིག་གི་ཐོག་ནས་གུ་ཡངས་པོ་མེད་པ་ལྟ་བུ་རེད། རྒྱ་གར་ནང་གུ་ཡངས་ཡོད་པ་དེས་ཧ་ཅང་ཕན་ཐོགས་ཀྱི་ཡོད།
འཛམ་གླིང་ཡོངས་ཞི་བདེ་ཅན་དུ་བསྒྱུར་ཆེད་འབད་བརྩོན་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དུས་རབས་འདི་ནས་བརྩམས་པའི་དུས་རབས་གསར་བའི་ནང་འཛམ་གླིང་ཞི་བདེ་ཅན་ང་ཚོས་ཏན་ཏན་བསྐྲུན་ཐུབ་ཀྱི་རེད། འགྲོ་བ་མིའི་རིགས་བདེ་སྐྱིད་དང་ལྡན་པ་ཞིག་ཏུ་ང་ཚོས་ཏན་ཏན་བསྒྱུར་ཐུབ་ཀྱི་རེད། དེ་ཡང་འགྲོ་བ་མི་ཡིན་པ་གཅིག་གྱུར་གྱི་འདུ་ཤེས་ཡོད་པའི་ཐོག་ནས་འགྱུར་བ་ཐེབས་དགོས། བསམ་བློ་ཡག་པོ་བཏང་བ་ཡིན་ན་གོ་མཚོན་དང་དམག་མི་ངེས་པར་དུ་དགོས་ཀྱི་ཡོད་དམ་ཞེ་ན་དགོས་ཀྱི་མེད། ང་ཚོ་ཕན་ཚུན་འབྲེལ་བ་ཡོད་པའི་གནས་སྟངས་ལ་བརྟེན་ནས་འགྲོ་བ་མི་རྣམས་ལ་གཅིག་མཚུངས་ཀྱི་འདུ་ཤེས་ཏན་ཏན་ཡོང་ཐུབ་པ་རེད། ཅེས་སོགས་དྲི་བ་ཁག་ལ་བཀའ་ལན་སྩལ་ཡོད་པ་བཅས། །