༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་དུས་ཚོད་གཉན་འཕྲང་ཅན་གྱི་སྐབས་སུ་རེ་བ་དང་སྙིང་སྟོབས། བྱམས་བརྩེ་བཅས་དང་དུ་ལེན་པ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གཏན་འཁེལ་འདུག
དེ་ཡང་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་དྲ་རྒྱའི་སྟེང་འཁོད་པ་ལྟར་ན། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༨ རེས་གཟའ་ལྷག་པ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་དང་སྲོག་གི་ཚོགས་པས་གོ་སྒྲིག་ཞུས་དོན་ལྟར། ཚན་རིག་པ་གཉིས་དང་ལྷན་དུས་ཚོད་གཉན་འཕྲང་ཅན་གྱི་སྐབས་སུ་རེ་བ་དང་སྙིང་སྟོབས། བྱམས་བརྩེ་བཅས་དང་དུ་ལེན་པ། (Embracing Hope, Courage and Compassion in Times of Crisis) ཞེས་པའི་བརྗོད་གཞིའི་ཐོག་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་བགྲོ་གླེང་དང་། དྲི་བ་དྲིས་ལན་མཛད་རྒྱུ་ཡིན་པ་དང་། མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་ཨིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ། །