༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཡེ་ཤུའི་སྒོམ་སྒྲུབ་ཚོགས་སྡེ་ (World Community of Christian Meditation,WCCM) ཞེས་པ་བཙུགས་ནས་ལོ་སུམ་ཅུ་འཁོར་བའི་དུས་དྲན་དང་བསྟུན་ཚོགས་པ་འཛུགས་མཁན་དང་ཡེ་ཤུའི་གྲྭ་བ་ཧྥ་རྡར་ལོ་རེན་སི་ཧྥརི་མེན་(Father Laurence Freeman) ལགས་དང་ལྷན་དུ་གཅིག་འདུས་ཀྱི་ཤེས་པ། སེམས་གཅིག བློ་གཅིག (Unified Consciousness: One Mind and One Heart) ཅེས་ཡེ་ཤུ་པའི་བཞེད་སྲོལ་ཞིག་གི་བརྗོད་གཞིའི་ཐོག་དྲ་རྒྱ་བརྒྱུད་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༩ ཙམ་ལ་མགོན་པོ་གང་ཉིད་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་གི་མཇལ་འཕྲད་ཁང་དུ་ཆིབས་སྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་ཡེ་ཤུའི་གྲྭ་བ་ཧྥ་རྡར་ལོ་རེན་སི་ཧྥརི་མེན་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་། བགྲོ་གླེང་གྲུབ་མཚམས་ཡེ་ཤུའི་སྒོམ་སྒྲུབ་བསྟི་གནས་ཁང་ཞིག་ལ་རབ་གནས་ཐུགས་སྨོན་མཛད་གནང་ཡོང་བའི་གསོལ་འདེབས་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། སེམས་ཅན་སུ་འདྲ་ཞིག་ཡིན་ནའང་སྣོད་ཀྱི་འཇིག་རྟེན་འདིར་འཚོ་ཡོད་པ་རྣམས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད། ངོས་ཀྱིས་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་ཅན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ནི་ཕྲུ་གུ་རྣམས་མངལ་ལས་སྐྱེས་ཙམ་ནས་ཨ་མའི་བྱམས་བརྩེས་བསྐྱངས་ཤིང་འཚར་ལོངས་བྱུང་བ་རེད། གལ་སྲིད་ཨ་མས་བརྩེ་བས་བསྐྱངས་མེད་ཚེ་སྲོག་འཚོ་མི་ཐུབ། མིའི་མི་ཚེ་ནི་དེ་ལྟར་མགོ་བཙུགས་ཡོད།གཞི་རྩའི་ཆ་ནས་འགྲོ་བ་མི་རྣམས་ཀྱང་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཡིན་པ་དང་། སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་གང་ཡིན་ནའང་རང་གི་ཚོགས་པ་དེའི་ནང་གི་སེམས་ཅན་ཕན་ཚུན་ལ་རོགས་རམ་བྱེད་པ་ནི་གཤིས་ལུགས་སུ་ཆགས་ཡོད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་དེང་དུས་ཀྱི་དུས་རབས་འདིའི་ནང་ཀླད་པ་ཡར་རྒྱས་གཏོང་རྒྱུ་རྩལ་དུ་བཏོན་ནས་བྱམས་བརྩེ་དང་འབྲེལ་བའི་བསམ་པ་བཟང་པོ་གོང་འཕེལ་གཏོང་རྒྱུ་འཐུས་ཤོར་ཕྱིན་ཡོད། དེང་དུས་ཀྱི་ཤེས་ཡོན་གྱི་སྡེ་ཚན་ནང་བྱམས་སྙིང་རྗེ་དང་འབྲེལ་བའི་སློབ་ཚན་མེད་པ་དང་། དེའི་སྐོར་ལ་སློབ་ཀྱི་ཡང་མེད། མིའི་ལྷན་སྐྱེས་ཀྱི་རང་བཞིན་བྱམས་བརྩེ་ཅན་ཡིན་ནའང་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་རིང་ལ་འཁྲུག་རྩོད་མང་པོ་བྱུང་ཡོད་པ་དང་། དམག་ཆེན་དང་པོ་དང་གཉིས་པའི་དཀའ་ངལ་བྱུང་བ་ཚང་མས་མཁྱེན་གསལ་རེད།
དེ་སྔ་གོ་མཚོན་བཟོ་བའི་དོན་དུ་དཔལ་འབྱོར་ཧ་ཅང་ཤུགས་ཆེན་པོ་བཏང་བ་རེད། ད་ལྟ་འཛམ་གླིང་འདི་གོ་མཚོན་མེད་པའི་འཛམ་གླིང་ཞིག་ཏུ་བསྒྱུར་ཆེད་ཤུགས་སྐྱོན་མཁན་མང་པོ་ཡོད། ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་དང་། བདེ་བ་འདོད་པ་ནི་ང་ཚོའི་ཐོབ་ཐང་རེད། དེ་བཞིན་ལྷན་སྐྱེས་ཀྱི་རང་བཞིན་བྱམས་བརྩེ་དང་ལྡན་པ་ཞིག་ཡིན་པའང་གཅིག་མཚུངས་རེད། འདི་ལྟ་བུའི་ལྷན་སྐྱེས་ཀྱི་རང་བཞིན་ཡོད་པའི་ཐོག་ངའི་རྒྱལ་ཁབ་དང་ངའི་གླིང་ཕྲན་ལྟ་བུའི་ས་མཚམས་ཕྱེས་ཏེ། དེའི་དོན་གཅིག་པུར་བསམ་བློ་གཏོང་མི་རུང་། རང་བྱུང་ཁོར་ཡུག་གི་ཆ་ནས་བཤད་ནའང་ཁོར་ཡུག་རང་ངོས་ན་ས་མཚམས་དང་རྒྱལ་མཚམས་མེད་པས་ང་ཚོས་གོ་ལ་གཅིག་གྱུར་གྱི་འདུ་ཤེས་བཅིངས་དགོས་པ་ཧ་ཅང་གལ་ཆེན་པོ་རེད།ངོས་རང་ལ་ཆ་མཚོན་ན་ཐོག་མར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་བ་དང་། རྒྱ་གར་གཞུང་གི་སྐུ་མགྲོན་བྱས་ཏེ་འདིར་བསྡད་པ་རེད། སྤྱིར་བཏང་ངོས་རང་ནི་སོ་སོའི་རྒྱལ་ཁབ་ཤོར་བའི་བཙན་བྱོལ་བ་ཞིག་རེད། འོན་ཀྱང་རྐྱེན་ངན་གྲོགས་ཤར་གྱིས་རང་དབང་ལུང་པར་སླེབས་པ་དང་། རྒྱ་གར་ནི་རང་དབང་ཅན་གྱི་རྒྱལ་ཁབ་དང་མི་རིགས་སྣ་མང་། ཆོས་ལུགས་སྣ་ཚོགས་ཡོད་པས་ཆོས་ལུགས་མཐུན་འབྲེལ་གྱི་གནས་སྟངས་རྒྱ་གར་ནང་དུ་ཧ་ཅང་ཡག་པོ་ཡོད། རྒྱ་གར་ནང་དུ་ཆོས་ལུགས་འདྲ་མིན་ནས་ཕེབས་པའི་ཆོས་པ། དཔེར་ན། ཧིན་དུ། ཡེ་ཤུ། གཅེར་བུ་པ། སིག་ལ་སོགས་པའི་ཆོས་པ་རྣམས་དང་མཉམ་དུ་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་། དེང་སང་རྒྱ་གར་གྱིས་མཚོན་པའི་ས་ཆ་གང་དུ་ཡིན་ནའང་ཆོས་ལུགས་མཐུན་འབྲེལ་གོང་འཕེལ་དུ་གཏོང་བའི་གོ་སྐབས་ཏན་ཏན་ཡོད་པ་རེད།
ཧྥ་རྡར་ལོ་རེན་སི་ཧྥརི་མེན་ཁྱེད་རང་ངོས་ཀྱི་ཆོས་གྲོགས་ཡིན་པའི་ཆ་ནས་ང་ཚོ་ཐུན་མོང་གི་ལས་འགན་ནི་འཛམ་གླིང་འདིར་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་གོང་འཕེལ་གཏོང་རྒྱུ་འདི་ཆགས་ཡོད། སོ་སོ་སྒེར་གྱི་རང་ལུགས་ནི་གནས་ཚུལ་ཁ་ཁ་རེད། སྤྱི་ཡོངས་ཀྱི་མཐུན་འབྲེལ་བསྐྲུན་རྒྱུ་ནི་ང་ཚོའི་ལས་འགན་རེད། དེར་བརྟེན་དེ་རིང་འདིར་ཁྱེད་རང་མཇལ་བ་ཧ་ཅང་དགའ་བོ་བྱུང་སོང་། ཁྱེད་ནི་སྒོམ་སྒྲུབ་བྱེད་མཁན་དང་ཚངས་སྤྱོད་ཀྱི་རྟེན་ལ་གནས་པའི་ཡེ་ཤུའི་རབ་བྱུང་བ་དང་། ངོས་རང་ནི་ནང་པའི་རབ་བྱུང་བ་ཞིག་རེད། ངེད་གཉིས་ནི་དོན་དངོས་ཀྱི་ཆོས་གྲོགས་ཆགས་ཡོད། རྒྱ་གར་གྱི་རང་བཙན་རྩོད་ལེན་པ་གཱཾདྡྷཱི་བཞུགས་སྐབས་འཚེ་མེད་ཞི་བའི་ལྟ་གྲུབ་ཁྱབ་སྤེལ་གནང་བ་དང་། རྗེས་ལ་ཁོང་གི་རྗེས་སུ་འབྲངས་མཁན་འཚེ་མེད་ཞི་བའི་ལྟ་གྲུབ་ལ་དོ་སྣང་ཅན་ཧ་ཅང་མང་པོ་བྱུང་ཡོད། ང་རང་ཚོའི་ངོས་ནས་ཀྱང་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ནས་ཡོད་པའི་བྱམས་སྙིང་རྗེའི་ལྟ་གྲུབ་འདི་འཛམ་གླིང་སྤྱི་ལ་ཁྱབ་ཐུབ་ཆེད་འབད་བརྩོན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད།
སྤྱིར་བཏང་ཆོས་ལུགས་ཚང་མས་བྱམས་དང་སྙིང་རྗེའི་སྐོར་གསུངས་ཡོད། ལྷག་པར་ཡི་ཤུའི་ཆོས་ལུགས་ནང་བྱམས་སྙིང་རྗེའི་བསླབ་བྱ་མང་པོ་གསུང་ཡོད། ཁྱེད་ཚོ་ཡི་ཤུ་བ་ནི་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཡིན་པའི་ཆ་ནས་འཇིག་རྟེན་བཀོད་པ་པོ་ཕ་གཅིག་གིས་བཀོད་པའི་སེམས་ཅན་ཡོངས་ལ་གཅིག་མཚུངས་ཀྱི་འདུ་ཤེས་བཅིངས་དགོས་པའི་བསམ་བློའི་འཁྱེར་སོ་ཡོད་པ་རེད། སྙིང་རྗེ་ཚད་མེད་པར་ངོས་འཛིན་བྱེད་པའི་འཇིག་རྟེན་བཀོད་པ་པོས་བཀོད་པའི་འགྲོ་བ་སེམས་ཅན་གཅིག་མཚུངས་ཡིན་པའི་རྒྱུ་མཚན་ལ་ལྟོས་ནས་ཕན་ཚུན་ལ་གཉེན་བཤེས་དང་བྱམས་བརྩེའི་འདུ་ཤེས་བཅིངས་རྒྱུ་ནི་ཡོང་ཐུབ་པ་ཞིག་རེད། ངོས་རང་མི་ཚེ་འདི་འཛམ་གླིང་སྤྱི་ལ་བྱམས་སྙིང་རྗེ་ཁྱབ་ཐུབ་པའི་འདུན་པ་བརྟན་པོ་ཡོད། འཛམ་གླིང་འདིར་ཡོད་པའི་ཆོས་ལུགས་ཚང་མར་བྱམས་སྙིང་རྗེ་གོང་འཕེལ་དུ་གཏོང་བའི་ནུས་པ་ཡོད། བྱམས་སྙིང་རྗེ་ནི་ཆོས་ལུགས་ནས་བྱུང་བའི་བསླབ་བྱ་ཙམ་མ་ཡིན་པར་དངོས་ཡོད་གནས་ཚུལ་ལ་དགོས་མཁོ་ཆེ་བའི་ཡོན་ཏན་བཟང་པོ་ཞིག་ཆགས་ཡོད། ཅེས་བཀའ་སློབ་སྩལ་རྗེས་དྲི་བ་དྲིས་ལན་གྱི་ཐོག་ནས་བགྲོ་གླེང་མཛད་ཡོད་པ་བཅས། །