༄༅། །སུད་སིའི་ནང་དགུན་ཁའི་གྲོས་ཚོགས་འཚོགས་བཞིན་པའི་སྐབས་སུད་སིའི་གཞུང་གིས་བོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཐོག་གནོན་ཤུགས་ཆེན་པོ་སྤྲོད་བཞིན་པའི་སྐོར་ཐུགས་སྣང་གནང་སྟེ་སུད་སིའི་གཞུང་གི་ངོས་ནས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ནང་འགྲོ་བ་མིའི་ཐོབ་ཐང་གཙོ་བོར་འཛིན་རྒྱུ་ཡིན་པ་བསྐྱར་དུ་ནན་བརྗོད་གནང་འདུག
དེ་ཡང་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ནི་ཀོ་ལ་སི་ཝལ་ཌར་ (Nicolas Walder) མཆོག་གིས་བོད་ནང་རྒྱ་ནག་གཞུང་གིས་བཙན་དབང་གིས་དེ་སྔ་བོད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་བཞིན་པའི་སློབ་གྲྭ་ཁག་སྒོ་བརྒྱབ་བཅུག་ནས་རྒྱ་ཡིག་སློབ་ཁྲིད་བྱེད་དུ་འཇུག་བཞིན་པའི་སྐོར་ཐུགས་འཚབ་དང་སྦྲགས་སུད་སིའི་གཞུང་ལ་སུད་སིའི་གཞུང་གི་ངོས་ནས་ད་ལྟའི་བོད་མིའི་ཆོས་དང་རིག་གཞུང་། འགྲོ་བ་མིའི་ཐོབ་ཐང་བཅས་དང་། ལྷག་པར་བོད་མིས་རང་དབང་གི་སྒོ་ནས་ཆོས་ལུགས་ཁག་གི་བླ་སྤྲུལ་ངོས་འཛིན་ཞུ་ཕྱོགས་སྐོར་གཟིགས་ཚུལ་དང་ལངས་ཕྱོགས་ཇི་ཡིན་སྐོར་བཀའ་འདྲི་གནང་ཡོད་པ་དང་། ཕྱི་ཟླ་ ༡༢ ཚེས་ ༡༤ རེས་གཟའ་ཟླ་བའི་ཉིན་སུད་སིའི་གཞུང་གིས་ལན་འདེབས་ཀྱིས་སུད་སིའི་གཞུང་གིས་ཕྱི་ལོ་ ༢༠༢༡ ནས་ ༢༠༢༤ བར་གྱི་རྒྱ་ནག་ཐོག་འཛིན་པའི་འཐབ་བྱུས་ (China Strategy 2021-2024) ནང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཉམས་རྒུད་དུ་ཕྱིན་ཡོད་པ་དང་། ལྷག་པར་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་དང་ཆོས་དད་གྲངས་ཉུང་མི་རིགས་རྣམས་ཀྱི་ཐོག་གནོན་ཤུགས་འཕར་མ་སྤྲོད་བཞིན་ཡོད་པའི་སྐོར་གསུངས་པ་དང་། དེ་ལ་བརྟེན་ནས་སུད་སིའི་གཞུང་གི་ངོས་ནས་གནད་དོན་དེ་དག་སུད་སིའི་གཞུང་གིས་རྒྱ་ནག་ཐོག་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་གི་སྲིད་བྱུས་ནང་གཙོ་བོར་འཛིན་བཞིན་ཡོད་པའི་སྐོར་གསུངས་འདུག
བོད་ནང་རྒྱ་ནག་གཞུང་གིས་བཙན་དབང་གིས་དེ་སྔ་བོད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་བཞིན་པའི་སློབ་གྲྭ་ཁག་སྒོ་བརྒྱབ་བཅུག་ནས་རྒྱ་ཡིག་སློབ་ཁྲིད་བྱེད་དུ་འཇུག་བཞིན་པའི་སྐོར་སུད་སིའི་གཞུང་གིས་རྒྱ་ནག་གཞུང་གིས་བོད་ཡིག་ཐོག་གནོན་ཤུགས་ཤུགས་ཆེ་སྤྲོད་བཞིན་ཡོད་པས་སུད་སིའི་གཞུང་གིས་གནད་དོན་དེའི་སྐོར་རྒྱ་ནག་དང་ལྷན་དུ་གླེང་སློང་གནང་རྒྱུ་ཡིན། ཞེས་དང་།
སྐུ་ཞབས་ནི་ཀོ་ལ་སི་ཝལ་ཌར་མཆོག་གིས་སུད་སིའི་གཞུང་ལ་སུད་སིའི་གཞུང་གི་ངོས་ནས་ད་ལྟའི་བོད་མིའི་ཆོས་དང་རིག་གཞུང་། འགྲོ་བ་མིའི་ཐོབ་ཐང་དང་། ལྷག་པར་བོད་མིས་རང་དབང་གི་སྒོ་ནས་ཆོས་ལུགས་ཁག་གི་བླ་སྤྲུལ་ངོས་འཛིན་ཞུ་ཕྱོགས་སྐོར་གཟིགས་ཚུལ་དང་ལངས་ཕྱོགས་ཇི་ཡིན་སྐོར་བཀའ་འདྲི་གནང་བར་སུད་སིའི་གཞུང་གིས་བླ་སྤྲུལ་ངོས་འཛིན་ཞུ་ཕྱོགས་ཐད་འབྲེལ་ཡོད་ཚོགས་སྡེ་ནས་ངེས་པར་དུ་རང་དབང་གི་སྒོ་ནས་ངོས་འཛིན་ཞུ་དགོས་ཞེས་ཡིག་ཐོག་ནས་ལན་འདེབས་གནང་ཡོད་པ་རེད།
སུད་སིའི་ནང་ད་ལྟ་དགུན་ཁའི་གྲོས་ཚོགས་འཚོགས་བཞིན་པ་དེ་ཉིད་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༧ ནས་འགོ་འཛུགས་ཀྱིས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༧ རེས་གཟའ་པ་སངས་ཉིན་མཇུག་སྒྲིལ་གནང་གི་ཡོད་པ་བཅས།།