༄༅། །རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཐེངས་ ༧༣ པའི་སྔ་ནུབ་སྟེ་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༩ ཉིན་སུད་སི་སྐུ་ཚབ་དོན་གཅོད་ཁང་གིས་དྲ་ལམ་བརྒྱུད་བོད་ནང་གི་གནས་སྟངས་དང་འབྲེལ་བའི་ཕྱི་ལོ་ ༢༠༢༡ ལོའི་ལོ་འཁོར་གཅིག་གི་སྙན་ཐོ་དང་པར་སྐྲུན་ཁག་ལ་བསྐྱར་ཞིབ་ཅེས་པའི་བརྗོད་གཞིའི་ཐོག་ཆེད་དོན་མི་སྣའི་བགྲོ་གླེང༌ཞིག་གོ་སྒྲིག་གནང་གཏན་འཁེལ་ཡོད།
དེ་ཡང་ཆེད་དོན་མི་སྣའི་བགྲོ་གླེང་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་སོ་ཕི་རི་ཆ་ཌི་སན་ (Sophie Richardson) ལགས། རྒྱ་ནག་དམར་ཤོག་ཚོགས་པའི་བརྡ་དོན་གནད་འགྲེལ་མཁན་གྲས་དང་ཉམས་ཞིབ་པ་ཚེ་རིང་རྡོ་རྗེ་ལགས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཞུ་གཏུག་དང་རྒྱ་ནག་དམར་ཤོག་ཚོགས་པའི་བརྡ་དོན་གནད་འགྲེལ་ཞེས་པའི་ལས་གཞིའི་འབྲེལ་ལམ་སློབ་སྟོན་པ་རུ་ཊེན་ (Ila Schoop Rutten) ལགས་བཅས་མཉམ་ཞུགས་གནང་རྒྱུ་ཡིན་ཞིང་། དྲ་ཐོག་གི་ཆེད་དོན་མི་སྣའི་བགྲོ་གླེང་དེ་བཞིན་གོང་ཚེས་ཉིན་རྒྱ་གར་ནང་གི་དགོང་དྲོ་ཆུ་ཚོད་ ༧།༣༠ ནས་ ༨།༣༠ བར་དང་། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་གི་སྔ་དྲོ་ཆུ་ཚོད་ ༩ ནས་༡༠ བར། སུད་སིའི་ཇི་ནི་ཝ་གྲོང་ཁྱེར་ནང་གི་ཕྱི་དྲོ་ཆུ་ཚོད་ ༣ ནས་ ༤ བར་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ལས་ཁང་གི་ངོ་དེབ་བརྒྱུད་ཐད་གཏོང་གནང་རྒྱུ་ཡིན་པ་བཅས།།