༄༅། །རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དེ་བཞིན་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་འཁེལ་བཞིན་པ་དང་བསྟུན། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༨ ཉིན་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨན་ཌི་རི་ཡུ་སི་ནེ་ཊི་ཀེ་སི་ (Dr. Andrius Navickas) མཆོག་གི་གོ་སྒྲིག་འོག་དྲ་ལམ་བརྒྱུད་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་དྲ་ཐོག་ཚོགས་འདུ་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ལཱ་ཡི་མ་ཨན་ཌི་ཀཡི་ནི་ (Laima Andrikiene) ལགས་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་རོ་མུལ་ཌ་སི་ (Romualdas Vaitkus) ལགས། གྲོས་ཚོགས་འཐུས་མི་སྐུ་ཞབས་ཨན་ཌི་རི་སུ་སི་( Andrius Kupčinskas) ལགས། དེ་བཞིན་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཝེ་ཊི་སི་ (Vytis Vidunas) ལགས་དང་རོ་བྷར་ཊ་སི་ (Robertas Mažeika) ལགས། གཞན་ཡང་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་དང་དྲུང་ཆེ་ཚེ་རིང་མཚོ་མོ་ལགས་བཅས་མཉམ་ཞུགས་གནང་ཡོད།
ཚོགས་འདུའི་ཐོག་མར་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨན་ཌི་རི་ཡུ་སི་ནེ་ཊི་ཀེ་སི་ (Dr. Andrius Navickas) མཆོག་གིས་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༥ ནང་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་བསྒྲགས་གཏམ་སྤེལ་བ་དང་། ཉེ་ཆར་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་ཨོ་རྩེད་འགྲན་ཚོགས་སུ་ལི་ཐུ་ཝེ་ནི་ཡའི་གཞུང་གི་སྐུ་ཚབ་མི་སྣ་མཉམ་ཞུགས་གནང་རྒྱུ་མེད་པའི་འབོད་སྐུལ་གནང་བ་མཚོན་པའི་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨན་ཌི་རི་ཡུ་སི་ནེ་ཊི་ཀེ་སི་ (Dr. Andrius Navickas) མཆོག་གིས་དབུས་ཚོགས་མི་ཡོངས་ནས་བོད་དོན་སླད་གཡོ་བ་མེད་པར་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་ཡོད།གཞན་ཡང་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་མ་ཟད། བཙན་དབང་གིས་བོད་མི་ཚོ་ངལ་རྩོལ་བྱེད་དུ་བཅུག་པ་དང་། ཁྲིམས་མེད་ལུགས་མེད་ཀྱིས་འཛིན་བཟུང་བཙོན་འཇུག་བྱས་པ། གསར་འགྱུར་བརྒྱུད་ལམ་ཁག་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་སོགས་ཀྱི་སྐོར་གསུངས་ཡོད།
ཕྱོགས་མཚུངས་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་བཙན་བྱོལ་བོད་མིའི་གནས་སྟངས་སྤྱིའི་སྐོར་དང་། བོད་མིའི་སྒྲིག་འཛུགས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་བཞིན་ཡོད་པས་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་བར་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་ཞུས་གནང་ཡོད།
སྐབས་དེར་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྐོར་བཀའ་འདྲི་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུས་པ་དང་འབྲེལ་བོད་མིའི་ཞི་བའི་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་སོགས་ཀྱི་སྐོར་གསུངས་ཡོད་པ་བཅས།།