༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༦ ཉིན་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ལོ་ ༢༠༢༡་་་༢༢ ལོའི་རྩིས་ཁྲར་རྩིས་ཞིབ་བྱེད་པོའི་ཚོགས་ཆུང་གི་ཕྱག་ལས་དངོས་སུ་དབུ་འཛུགས་གནང་ཡོད།
དེ་ཡང་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དོན་ཚན་ ༡༠ པའི་ནང་གསེས་ ༢ པའི་དགོངས་དོན། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཁྲར་རྩིས་ཞིབ་བྱེད་པོའི་ཚོགས་ཆུང་གི་མི་འགྲོར། ༡) སྤྱི་འཐུས་མཁན་པོ་ཀཿ་བྲག་དངོས་གྲུབ་བསོད་ནམས་ལགས་དང་། ༢) ཆོས་རིག་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་སྒྲོལ་དཀར་ལགས། ༣) ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་གཞོན་ཟླ་བ་ལགས་བཅས་སུ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡ ཉིན་དམིགས་འཛུགས་བསྐོ་གཞག་བཀོད་ཁྱབ་གཞིར་བཟུང་། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཚོགས་ཆུང་གི་ཚོགས་མི་རྣམ་པ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ལྷན་འཛོམས་ཀྱིས་རྩིས་ལོ་ ༢༠༢༡་་་༢༢ ལོའི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཁྲར་རྩིས་ཞིབ་བྱེད་པོའི་ཚོགས་ཆུང་གི་ཚོགས་གཙོར་སྤྱི་འཐུས་མཁན་པོ་ཀཿ་བྲག་དངོས་གྲུབ་བསོད་ནམས་ལགས་དང་། ཚོགས་ཆུང་གི་དྲུང་ཆེ་ཆོས་རིག་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་སྒྲོལ་དཀར་ལགས། ཚོགས་ཆུང་གི་དྲུང་ཆེ་ལས་རོགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་གཞོན་ཟླ་བ་ལགས་བཅས་སུ་སྤྱི་མོས་ཐུགས་གཏན་ཁེལ་བ་དང་།དེ་ནས་ཚོགས་ཆུང་གི་ཚོགས་མི་རྣམ་པས་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དྲུང་ནས་ལས་དོན་གནང་ཕྱོགས་ཀྱི་ལམ་སྟོན་ཞུས་རྗེས། དེ་སྔའི་རྩིས་ཞིབ་ཀྱི་བརྒྱུད་རིམ་དང་། ད་ལྟའི་ལས་དོན་དངོས་སུ་ཕྱག་བསྟར་ཞུ་ཕྱོགས་སོགས་ལ་གོ་བསྡུར་གྱིས་དབུས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དང་། རྩིས་ཞིབ་ཡན་ལག་ལས་ཁང་ཁག་གི་རྩིས་ལོ་ ༢༠༢༡་་་༢༢ ལོའི་རྩིས་ཁྲ་ཁག་ཚོགས་མི་སོ་སོར་ཆ་བགོས་གནང་སྟེ་ཞིབ་བཤེར་གནང་རྒྱུ་དང་། དུས་ཁོམ་བྱུང་ཚེ་རེ་མོས་ཀྱིས་སླར་ཡར་བསྐྱར་ཞིབ་དང་། མཐའ་མར་ཚོགས་མི་རྣམ་པ་ལྷན་འཛོམས་ཐོག་དོགས་འདྲི་དང་ཐག་གཅོད་གནང་རྒྱུའི་ལས་བགོས་གནང་སྟེ། ལས་དོན་དངོས་སུ་འགོ་འཛུགས་གནང་ཡོད་པ་བཅས། །