༄༅། །ཉེ་སྔོན་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ནག་ཆུ་རྫོང་གི་རྒྱ་ནག་ཉེན་རྟོག་པའི་ལས་ཁུངས་ནས་ནག་ཆུ་ཁུལ་དུ་ཡོད་པའི་བོད་མི་རྣམས་ཀྱི་ཁ་པར་ནང་རྒྱུན་དུ་ནས་སྐད་ཆ་བཤད་པ་དང་། སྐད་འཕྲིན་ཚོགས་པ་ཁག་གི་ནང་ཕར་ཚུར་སྐད་ཆ་བཤད་པ། པར་གཏོང་རེས་མཚོན་གནས་ཚུལ་ག་འདྲ་ཞིག་གཏོང་རེས་བྱས་པ་སོགས་ལ་ཞིབ་བཤེར་ཆེད་དྲ་རྒྱ་དང་ཁ་པར་སོགས་ལ་ཞིབ་བཤེར་སླད་སྡེ་ཚན་གསར་པ་བཙུགས་ཡོད་པ་དང་། སྡེ་ཚན་དེའི་འཕྲུལ་ཆས་ནང་མི་རེ་ངོ་རེའི་ཁ་པར་གྱི་གནས་སྟངས་འཆར་གྱི་ཡོད་པ་མ་ཟད། རིམ་པས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་གནས་ཚང་མའི་ནང་དྲ་རྒྱ་དང་ཁ་པར་ཞིབ་བཤེར་དང་ཞིབ་འཇུག་ཁང་གསར་འཛུགས་བྱེད་འཆར་ཡོད་འདུག
ད་ལྟའི་སྐབས་ནག་ཆུ་རྫོང་གི་བོད་མི་ལས་བྱེད་པ་རྣམས་ཀྱི་ཁ་པར་ཨང་གྲངས་ཉེན་རྟོག་པའི་འཕྲུལ་ཆས་ནང་འཇོག་འགོ་བཙུགས་འདུག རྒྱ་ནག་གཞུང་གིས་ནག་ཆུ་ས་ཁུལ་དེ་གནད་འགག་ཆེན་པོ་རྩི་ཡི་ཡོད། བོད་ནང་དུ་བདེ་འཇགས་དགོས་ན་དང་ཐོག་བོད་རང་སྐྱོང་ལྗོངས་གལ་ཆེན་པོ་རེད་ཅེས་དང་། བོད་རང་སྐྱོང་ལྗོངས་ནང་གི་བདེ་འཇགས་སླད་འབྲི་རུ་དང་ནག་ཆུ་ས་ཁུལ་བདེ་འཇགས་དགོས་ཀྱི་རེད་ཅེས་ཤོད་ཀྱི་ཡོད།
ནག་ཆུ་ནི་བོད་རང་སྐྱོང་ལྗོངས་དང་ཁམས་བར་ལ་ཕར་ཚུར་འབྲེལ་མཐུད་བྱེད་སའི་ས་མཚམས་ལྟ་བུ་ཆགས་ཡོད་པ་དང་། བོད་དོན་ཆབ་སྲིད་ལས་འགུལ་དང་འབྲེལ་བའི་དོན་རྐྱེན་རབ་དང་རིམ་པ་མང་པོ་ཡོང་གི་ཡོད་པར་བརྟེན་ནག་ཆུ་ཁུལ་དུ་དམིགས་བསལ་དམ་དྲག་དང་། ཉེ་སྔོན་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཝུ་ཡིང་ཇེ་ (Wu Yingjie) ས་གནས་སུ་དངོས་སུ་ཡོང་ནས་རྟོགས་ཞིབ་ཀྱིས་དམ་དྲག་ནན་པོ་བྱས་ཡོད། དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་འགོ་ཁྲིད་གསར་པ་ཝང་ཇུན་ཀྲེང་ (Wang Junzheng) ནས་ཀྱང་མུ་མཐུད་དམ་དྲག་བྱེད་ཀྱི་ཡོད་འདུག་པ་བཅས། །