༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༠ ཉིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སློབ་དཔོན་སྐུ་ཞབས་ཨ་ནྣཏ་ཀུ་མར་ (Prof. Anand Kumar) ལགས་ཀྱི་སྐུ་ཟླ་ལྕམ་སྐུ་མན་ཇུ་ལ་ར་ཐོར་ (Smt. Manjula Rathore) ལགས་རྒྱ་གར་གྱི་གོ་ཝཱ་མངའ་སྡེའི་ནང་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (The Core Group for Tibetan Cause) ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ལགས་ཀྱིས་ཐུགས་གསོའི་གསུང་འཕྲིན་ཞིག་ཕུལ་བའི་ནང་འཁོད་དོན།
ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སློབ་དཔོན་སྐུ་ཞབས་ཨ་ནྣཏ་ཀུ་མར་ལགས་ཀྱི་སྐུ་ཟླ་ལྕམ་སྐུ་མན་ཇུ་ལ་ར་ཐོར་ལགས་སྐུ་ཚེའི་འཕེན་པ་རྫོགས་པར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་གདུང་བ་ཆེན་པོའི་སྒོ་ནས་མྱ་ངན་ཞུ་བཞིན་ཡོད།
ལྕམ་སྐུ་མན་ཇུ་ལ་ར་ཐོར་ལགས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༠ ཉིན་དགུང་གྲངས་ ༦༩ ཐོག་རྒྱ་གར་གྱི་གོ་ཝཱ་མངའ་སྡེའི་ནང་སྐུ་ཚེའི་འཕེན་པ་རྫོགས་ཡོད་པ་དང་། འདས་པོ་དམ་པ་ལྕམ་སྐུ་མན་ཇུ་ལ་ར་ཐོར་ལགས་ཀྱིས་ཕྱི་ལོ་ ༢༠༠༧ ལོར་ཝཱ་རཱ་ཎ་སིར་རྟེན་གཞི་བྱས་པའི་ཝ་སན་ཊ་ཀ་ནི་ཡ་ (Vasant Kanya Mahavidyalaya) ཞེས་པའི་མཐོ་སློབ་ཀྱི་མགྲིན་ཚབ་པའི་ཕྱག་ལས་གནང་བཞིན་པའི་སྐབས་དང་བླངས་ཀྱིས་རྒན་ཡོལ་དུ་ཕེབས་ཡོད།
ང་ཚོས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་སློབ་དཔོན་སྐུ་ཞབས་ཨ་ནྣཏ་ཀུ་མར་ལགས་ཀྱིས་གཙོས་ནང་མི་སྤུན་མཆེད་ཡོངས་ལ་ལྷག་བསམ་རྣམ་དག་གིས་ཐུགས་གསོ་དང་། དེ་བཞིན་འདས་པོ་དམ་པ་དེ་ཉིད་ཀྱི་ནང་མི་སྤུན་མཆེད་དང་། གྲོགས་པོ་གྲོགས་མོ། དགའ་ཉེ་བློ་དཀར་བཅས་ལ་དམ་པ་ཁོང་འདས་གྲོངས་སུ་གྱུར་བར་བཟོད་བསྲན་གནང་ཐུབ་པའི་སྨོན་ལམ་དང་། དམ་པ་ཁོང་ལ་གུས་འདུད་ཞུས་པ་དང་སྦྲགས་མགྱོགས་མྱུར་སྐྱེ་བ་ལེན་ཐུབ་པའི་སྨོན་ལམ་འདེབས་ཀྱི་ཡོད། ཅེས་འཁོད་ཡོད།།