༄༅། །རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༢༡ ཟླ་བ་ ༡༢ ཚེས་ ༡༣ ནས་སོག་ཡུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་དབུ་འཛུགས་གནང་བ་དེ་བཞིན་ལེགས་པར་གྲུབ་ཡོད།
དེ་ཡང་ཕྱོགས་ཕེབས་སྐབས་སྐུ་ཚབ་དོན་གཅོད་ཀྱིས་སོག་ཡུལ་ནང་པའི་དབུ་ཁྲིད་ནོ་མིན་མཁན་པོ་བླ་མ་ཆོས་རྒྱ་མཚོ་མཆོག་དང་མཇལ་འཕྲད་ཀྱིས་ནང་པའི་རིག་གཞུང་འབྲེལ་ལམ་གོང་མཐོར་གཏོང་ཕྱོགས་དང་། གཞོན་སྐྱེས་རྣམས་ལ་ཐབས་ལམ་མི་འདྲ་བའི་ཐོག་ནས་ནང་ཆོས་ངོ་སྤྲོད་བྱ་ཚུལ་སོགས་ཀྱི་ཐད་གྲོས་མོལ་གནང་ཡོད། གཞན་ཡང་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ས་གནས་ཀྱི་བོད་མི་དང་མཇལ་འཕྲད་གནང་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་ཕྱོགས་སྐོར་ངོ་སྤྲོད་དང་འབྲེལ། ས་གནས་བོད་མི་ཚོས་ས་གནས་སུ་བོད་རིགས་ཚོགས་པ་ཞིག་གསར་འཛུགས་ཡོང་བའི་གྲོས་འགོ་བཏོན་གནང་ཡོད་པ་མ་ཟད་སོག་ཡུལ་བཅའ་སྡོད་རྒྱ་གར་གཞུང་ཚབ་དང་ལྷན་ཚོགས་འདུ་གོ་སྒྲིག་གིས་གཞུང་ཚབ་མཆོག་ལ་རུ་སོག་སྐུ་ཚབ་དོན་གཅོད་ཁང་གི་ལས་དོན་བྱེད་ཕྱོགས་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བོད་མི་དང་སོག་པོ་བར་གྱི་ནང་པའི་རིག་གཞུང་གི་འབྲེལ་ལམ་སླར་གསོའི་སྐོར་འགྲེལ་བརྗོད་གནང་། རྒྱ་གར་གཞུང་ཚབ་སྐུ་ཞབས་ཨེམ་པི་སིངྒ་ (MP Singh) མཆོག་གིས་ཀྱང་ཏེ་ལོ་རིན་པོ་ཆེ་མཆོག་ལ་རྒྱ་གར་གཞུང་གིས་རོགས་སྐྱོར་འོག་སོག་ཡུལ་དུ་སྤེལ་བཞིན་པའི་ལས་གཞི་ཁག་གཅིག་ངོ་སྤྲོད་གནང་ཡོད་པའི་ནང་གཙོ་བོ་ཤེས་རིག་བརྗེ་ལེན་ཆེད་རྒྱལ་ཁབ་ཕན་ཚུན་སློབ་མ་གཏོང་རེས་མཚོན། ཡིག་ཆ་ཕྱོགས་བསྒྲིགས། གནའ་བོའི་ནང་པའི་དཔེ་ཆ་འཚག་སེལ་བྱེད་པ། དགའ་ལྡན་ཐེག་ཆེན་གླིང་དགོན་པའི་ནང་འགྲེམས་སྟོན་ཁང་དང་དཔེ་མཛོད་ཁང་གསར་བཞེངས་གནང་རྒྱུ་སོགས་ཡོད།ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཆེ་བའི་སྐབས་སུ་དྷི་ལུ་ཝ་ཧུ་ཏུག་ཏུ་ཚོགས་པའི་ (Diluva Hutughtu Foundation) གོ་སྒྲིག་འོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་དངོས་བྱུང་གློག་བརྙན་བཞི་སོག་སྐད་དུ་ཕབ་སྒྱུར་གྱིས་རྒྱལ་ཡོངས་བརྙན་འཕྲིན་བརྒྱུད་རྒྱང་སྲིང་ཞུས་པ་དང་། དེར་གཟིགས་མཁན་སྟོང་ཕྲག་མང་པོ་བྱུང་ཡོད་པ་རེད།
དེ་བཞིན་གཞུང་འབྲེལ་ཕྱོགས་ཕེབས་སྐབས་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་སོག་ཡུལ་གཞུང་གི་གནད་ཡོད་མི་སྣ་དང་། གྲོས་ཚོགས་འཐུས་མི། གྲོས་ཚོགས་འཐུས་མི་ཟུར་པ། གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་མི་སྣ་སོགས་དང་མཇལ་འཕྲད་གནང་སྟེ་བོད་ནང་གི་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ཀྱིས་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་གྱི་སྐོར་ངོ་སྤྲོད་གནང་ཡོད།
ཕྱོགས་ཕེབས་ཀྱི་མཐའ་མཇུག་ཏུ་སྐུ་ཚབ་དོན་གཅོད་མཆོག་གིས་སོག་སྐད་དུ་བསྒྱུར་བའི་བཟང་པོའི་ནུས་པ་ (A Force for Good) ཞེས་པའི་དཔེ་དེབ་དབུ་འབྱེད་ལ་ཆེད་བཅར་གནང་ཡོད། བཟང་པོའི་ནུས་པ་ཞེས་པའི་ཕྱག་དེབ་དེ་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་འཛམ་གླིང་ནང་སྙན་གྲགས་ཆེ་བའི་སེམས་ཚོར་དང་རིག་ཤེས་མཁས་ཅན་གྲེ་ནེ་ཡལ་གྷོལ་མན་(Daniel Goleman) ལགས་ཟུང་སྦྲེལ་ཐོག་ལྗགས་རྩོམ་གནང་བ་ཞིག་ཡིན། ཕྱག་དེབ་དབུ་འབྱེད་ཐོག་གཞུང་ཚབ་དང་། གཞུང་འབྲེལ་མི་སྣ། ཚོང་ལས་པ་སོགས་མཉམ་ཞུགས་གནང་ཡོད།
སྐབས་དེར་སྐུ་ཚབ་དོན་གཅོད་མཆོག་གིས་ཨི་གྷལ་ཊི་ཝིར་ (eagle TV) བཅར་འདྲི་ཞིག་དང་ལེན་གནང་བའི་ནང་ཕྱག་དེབ་དེའི་གལ་ཆེའི་རང་བཞིན་དང་། དེ་ལ་བརྟེན་ནས་༧གོང་ས་མཆོག་གི་འཇིག་རྟེན་སྤྱི་ལ་ཁྱབ་པའི་དགོངས་བཞེད་ཇི་ཡིན་རྟོགས་པར་ཕན་ཐོགས་པའི་སྐོར་གསུངས། གཞན་ཡང་ཕྱོགས་ཕེབས་སྐབས་ཏེ་ལོ་རིན་པོ་ཆེ་མཆོག་གིས་བྷོ་དི་ཀཱས་ཊ་ (Bodhi cast) གཙོས་པའི་སྐད་གྲགས་ཆེ་བའི་གླེང་མོལ་ (podcast) གཙོ་སྐྱོང་བ་འགའ་ཤས་ཀྱི་བཅར་འདྲིར་ལན་འདེབས་གནང་ཡོད།
ཏེ་ལོ་རིན་པོ་ཆེ་མཆོག་གིས་སོག་ཡུལ་གཞུང་འབྲེལ་ཕྱོགས་ཕེབས་ལེགས་པར་གྲུབ་རྗེས་སན་པི་ཊར་བྷག་ (St Petersburg) དང་། ཀལ་མི་ཀིཡ་ (Republic of Kalmykia) ནང་ཕྱོགས་ཕེབས་གནང་འཆར་ཡོད་པ་བཅས།།