༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༣༠ ཉིན་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་ལྷན་དུ་དམིགས་བསལ་ཚོགས་འདུ་བསྐོང་ཚོགས་གནང་འདུག དམིགས་བསལ་ཚོགས་འདུ་དེ་བཞིན་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མི་ཀུ་ལ་སི་པེག་ས་ (Mikuláš Peksa) ལགས་ཀྱིས་གཙོ་སྐྱོང་འོག་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སཱ་ལི་མ་ཡན་བྷུན་ (Salima Yenbou) ལགས་དང་ཨི་ས་སྦེལ་སན་ཊོ་སི་ (Isabel Santos) ལགས། དེ་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་ཕྱག་རོགས་ལས་བྱེད་ཁག་གཅིག་དང་། ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་དང་ཕྱག་རོགས་རྣམ་པ། བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་ལས་བྱེད་རྣམ་པ། བེལ་ཇི་ཡམ་བོད་རིགས་ཚོགས་པའི་ཚོགས་མི་རྣམ་པ་བཅས་མཉམ་ཞུགས་གནང་ཡོད།
དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་སྲིད་བྱུས་ངེས་སྟོན་པ་སྐུ་ཞབས་ཝིན་སེན་ཊི་མེ་ཊེན་ (Mr. Vincent Metten) ལགས་ཀྱིས་ཚོགས་འདུའི་ཐོག་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་ཀྱིས་ཚོགས་འདུའི་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད།
དེ་རྗེས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སཱ་ལི་མ་ཡན་བྷུན་ (Salima Yenbou) ལགས་ཀྱིས་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་མགྲོན་འབོད་གནང་བར་ཐུགས་རྗེ་ཞུས་པ་དང་འབྲེལ་རྒྱ་ནག་དམར་ཤོག་གཞུང་གི་བཙན་གནོན་འོག་མནར་སྤྱོད་མྱངས་མྱོང་མཁན་ཚོ་དང་ལྷན་དུ་མཉམ་འབྲེལ་གྱིས་ཕྱག་ལས་གནང་དགོས་པའི་གལ་གནད་དང་། ཚང་མས་མཉམ་རུབ་བྱས་པ་ཡིན་ན་ཆབ་སྲིད་ཀྱི་འཐབ་རྩོད་ཀྱི་ནུས་པ་ཤུགས་ཆེ་རུ་འགྲོ་ངེས་ཡིན། ཞེས་གསུངས།
ཡུ་རོབ་གྲོས་ཚོགས་འཐུས་མི་ཨི་ས་སྦེལ་སན་ཊོ་སི་ (Isabel Santos) ལགས་ཀྱིས་དགོངས་ཚུལ་ཁག་གཅིག་གསུངས་རྗེས་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་མི་སེར་འདྲ་མཉམ་དང་འཛམ་གླིང་ཞི་བདེ་བསྐྲུན་རྒྱུ་དེ་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཀྱི་གཞི་རྩའི་རྩ་འཛིན་ལམ་སྟོན་ཡིན་ཞིང་། རྒྱ་ནག་གཞུང་གིས་མུ་མཐུད་རྒྱལ་སྤྱིའི་གྲོས་མཐུན་ཡིག་ཆ་ཁག་རྩིས་མེད་དུ་གཏོང་བཞིན་ཡོད། ཅེས་གསུངས།དོན་གྲུབ་དབང་ཆེན་ལགས་ཀྱིས་གསུང་དོན། ཕྲན་རང་ཉིད་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཕྱོགས་བསྐྱོད་བྱས་ཏེ་རྒྱ་ནག་གཞུང་གིས་མུ་མཐུད་རྒྱ་ནག་སྤྱི་དང་ལྷག་པར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་གོ་རྟོགས་སྤེལ་བཞིན་ཡོད། ཅེས་དང་། ཕྱི་ལོ་ ༢༠༠༨ ལོར་པེ་ཅིང་དུ་ཨོ་རྩེད་འགྲན་ཚོགས་མ་འཚོགས་སྔོན་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏང་རྒྱུའི་ཁས་ལེན་བྱས་ཡོད། རྒྱལ་སྤྱིའི་ཨོ་ལེམ་ཕིག་རྩེད་འགྲན་ཚོགས་ཆུང་ (International Olympic Committee) གིས་དེ་ལྟར་རྒྱ་ནག་གཞུང་ལ་ཡིད་ཆེས་གནང་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་ད་བར་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་བཏང་མེད་སྟབས། འདས་ཟིན་པའི་ལོ་རྒྱུས་དེ་ཉིད་བསྐྱར་ཟློས་མ་ཡོང་བ་བྱེད་དགོས་ཞེས་གསུངས།
དོན་གྲུབ་དབང་ཆེན་ལགས་ནི། འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་སྐྲུན་པ་ཡིན་ཞིང་། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཨོ་རྩེད་འགྲན་ཚོགས་འཚོགས་ལ་ཉེ་སྐབས། དོན་གྲུབ་དབང་ཆེན་ལགས་དང་མགོ་ལོག་འཇིགས་མེད་ལགས་རྣམ་གཉིས་ཀྱིས་བོད་ནང་གི་ས་ཁུལ་མང་པོར་གསང་སྟབས་ཀྱིས་སྐོར་བསྐྱོད་བྱས་ཏེ། ས་གནས་མང་ཚོགས་ལ་པེ་ཅིང་དུ་འཚོགས་རྒྱུའི་ཨོ་རྩེད་འགྲན་ཚོགས་ལ་འདོད་མོས་ཡོད་མེད་དང་བོད་ནང་གི་དངོས་ཡོད་གནས་སྟངས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བྱེས་ཀྱི་བོད་མི་ཚོར་དད་པ་དམ་ཚིག་ག་འདྲ་ཡོད་མེད་བཅས་ཀྱི་སྐོར་ལ་གློག་བརྙན་ཕབ་སྐྲུན་བྱས་པར། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༦ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་མཚོ་སྔོན་ཟི་ལིང་ནས་དོན་གྲུབ་དབང་ཆེན་ལགས་འཛིན་བཟུང་བྱས་ཏེ་ལོ་ ༦ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།
གཞུང་དང་གཞུང་ཁོངས་མིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་རྒྱལ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་ནས་དོན་གྲུབ་དབང་ཆེན་ལགས་གློད་བཀྲོལ་གཏོང་དགོས་པའི་ངོ་རྒོལ་རབ་དང་རིམ་པ་གནང་བར་བརྟེན་ལོ་དྲུག་གི་དུས་བཀག་བརྩོན་འཇུག་ཚང་རྗེས་རྒྱ་ནག་གཞུང་གིས་དོན་གྲུབ་དབང་ཆེན་ལགས་བཙོན་ཁང་ནས་གློས་བཀྲོལ་བཏང་ཡོད། ཐེངས་འདིའི་དོན་གྲུབ་དབང་ཆེན་ལགས་ཀྱི་བེལ་ཇི་ཡམ་ཁུལ་དུ་ཕྱོགས་བསྐྱོད་ཀྱི་ལས་རིམ་དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་གནང་ཡོད་པ་བཅས།།