༄༅།།འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༩ ཉིན་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་རྟེན་གཞི་བྱས་པའི་འཕགས་ཡུལ་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་དུ་ཇོ་ནང་དྲུག་མཆོད་ཆེན་མོ་དང་། འཕགས་ཡུལ་ཇོ་ནང་མ་དགོན་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན། སྐབས་དང་པོའི་རྟག་བརྟན་དགེ་བཤེས་ཀྱི་མཛད་སྒོ་བཅས་དུས་ཆེན་གསུམ་འཛོམས་ཀྱི་མཛད་སྒོ་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་དྲུང་འཕར་བདུད་འདུལ་རྡོ་རྗེ་ལགས་དང་། དམིགས་བསལ་སྐུ་མགྲོན་སིམ་སྤྱི་མི་འགྱུར་གཡུ་སྒྲོན་ལགས། འཕགས་ཡུལ་ཇོ་ནང་མ་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་མཁན་ཟུར་རྣམ་པ་གཉིས། རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ། ཆོས་བརྒྱུད་རིས་སུ་མ་ཆད་པའི་སྐུ་ཚབ་མཁན་པོ་དང་སློབ་དཔོན་རྣམ་པ། དགེ་བཤེས། གཞན་ཡང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོས་དབུས་ཕྱི་ནང་གི་སྐུ་མགྲོན་རྣམ་པ། མ་དགོན་གྱི་དགེ་ལས་དང་འདུ་མང་། མི་མང་བཅས་ལྷན་འཛོམས་ཀྱིས་ཐོག་མར། སྐུ་མགྲོན་གཙོ་བོ་དང་།དམིགས་བསལ་སྐུ་མགྲོན། མ་དགོན་གྱི་མཁན་པོ་བཅས་ནས་སྣང་གསལ་མར་མེ་ཞལ་ཕྱེ་དང་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ། དེ་ནས་དབུ་མཛད་ཆེན་མོས་དབུ་བསྐུལ་ཏེ་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་གསོལ་འདེབས་གསུང་འདོན་གནང་གྲུབ་བསྟུན། རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་བླ་མ་ཚུལ་ཁྲིམས་བཟང་པོ་མཆོག་གིས་དྲུག་བརྒྱ་དྲུག་བཅུའི་ཇོ་ནང་ཀུན་མཁྱེན་དྲུག་མཆོད་ཆེན་མོའི་དུས་དྲན་ངོ་སྤྲོད་གནང་། འཕགས་ཡུལ་ཇོ་ནང་མ་དགོན་གྱི་མཁན་རིན་པོ་ཆེ་སྐྱབས་རྗེ་མཁན་སྤྲུལ་ཀུན་དགའ་ཆོས་འཕེལ་མཆོག་གིས་འཕགས་ཡུལ་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་དབུ་བརྙེས་ནས་བགྲང་བྱ་ཉེར་ལྔ་འཁོར་བའི་དུས་ཆེན་གྱི་མཛད་སྒོ་ངོ་སྤྲོད་དང་འབྲེལ་གསུང་བཤད་གནང་། འཕགས་ཡུལ་ཇོ་ནང་མ་དགོན་གྱི་མཁན་ཟུར་རིན་པོ་ཆེ་ཀུན་དགའ་འཚམས་ཆུང་མཆོག་གིས་སྐབས་དང་པོའི་ཇོ་ནང་རྟག་བརྟན་དགེ་བཤེས་ཀྱི་དུས་བཟང་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་། དེའི་རྗེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཞྭ་སེར་བསྟན་པའི་མངའ་བདག་༸སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག འཁོན་རིགས་བསྟན་པའི་མངའ་བདག་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རྡོ་རྗེ་འཆང་ཆེན་པོ་མཆོག །ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༸སྐྱབས་མགོན་འབྲི་གུང་༸སྐྱབས་མགོན་རིན་པོ་ཆེ་མཆོག །༸རྒྱལ་བ་ཇོ་ནང་པའི་བསྟན་པའི་མངའ་བདག་༸སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་བཅས་ཀྱི་གསུང་འཕྲིན་བརྙན་ལམ་ནས་སྤྱན་འབུལ་གནང་། དེ་ནས་སྐུ་མགྲོན་གཙོ་བོ་ནས་སྐབས་དང་པོའི་ཇོ་ནང་རྟག་བརྟན་དགེ་བཤེས་རྣམས་པར་ཕྱག་འཁྱེར་གནང་བ་དང་། དམིགས་བསལ་སྐུ་མགྲོན་གྱིས་དྲུག་བརྒྱ་དྲུག་བཅུའི་ཇོ་ནང་ཀུན་མཁྱེན་དྲུག་མཆོད་ཆེན་མོའི་རྗེས་དྲན་དེབ་ཆུང་དང་། ལོ་ཐོ། སྐུ་པར་བཅས་དབུ་འབྱེད་གནང་།དེ་ནས་ཆོས་བརྒྱུད་སོ་སོའི་སྐུ་ཚབ་ནས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་། སྐུ་མགྲོན་གཙོ་བོ་ནས་འཕགས་ཡུལ་ཇོ་ནང་མ་དགོན་གྱི་མཁན་རབས་དང་པོ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དང་། འཕགས་ཡུལ་ཇོ་ནང་མ་དགོན་གྱི་སྐབས་དང་པོའི་ཕྱག་མཛོད་ཆེན་མོ་ཨ་ཁུ་ཀུན་དགའི་སྐུ་ཚབ། འཕགས་ཡུལ་ཇོ་ནང་མ་དགོན་གྱི་སྦྱིན་བདག་ཆེན་མོ་བླ་མ་ཡོན་ཏན་རྒྱ་མཚོ་མཆོག་གི་སྐུ་ཚབ་བཅས་ལ་འཕགས་ཡུལ་ཇོ་ནང་མ་དགོན་གྱི་རྟག་བརྟན་གཟེངས་རྟགས་ཆེན་མོ་ཞེས་པ་གནང་། དེ་ནས་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་དང་དམིགས་བསལ་སྐུ་མགྲོན་ནས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་། མ་དགོན་མཁན་རིན་པོ་ཆེ་མཁན་སྤྲུལ་སྐྱབས་རྗེ་ཀུན་དགའ་ཆོས་འཕེལ་མཆོག་གིས་འཕགས་ཡུལ་ཇོ་ནང་མ་དགོན་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་མཁན་ཟུར་རིན་པོ་ཆེ་ཀུན་དགའ་རིན་ཆེན་མཆོག་དང་། མཁན་ཟུར་རིན་པོ་ཆེ་ཀུན་དགའ་འཚམས་ཆུང་མཆོག་རྣམ་གཉིས་དང་། ཕྱག་མཛོད་ཟུར་པ་རྟག་བརྟན་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་ལགས། རྟག་བརྟན་དགེ་བཤེས་བླ་མ་སྦྱིན་པ་བཟང་པོ་ལགས། ཕྱག་མཛོད་ཟུར་བ་རྒན་ཧིན་ཏེ་ལགས། ཨིན་དགེ་དཀོན་མཆོག་ལགས་བཅས་ལ་ཐུགས་རྗེ་ལེགས་འབུལ་ཕུལ་བསྟུན། ལྷན་ཚོགས་ཀྱི་སློབ་སྟོན་པ་ཚོགས་ཟུར་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་བ་བཅས།།