༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༨ རེས་གཟའ་སྤེན་པ་ཉིན་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཚོགས་ཁང་དུ་རྒྱ་གར་ཆ་ཏྟཱིས་གར་མངའ་སྡེའི་གྲོང་ཁྱེར་ཨམ་སྦི་ཀ་པུར་གྱི་ཁྲིམས་དཔོན་སྐུ་ཞབས་རཱ་ཀེཤ་བི་ཧ་རི་གྷོ་རི་ (Rakesh Bihari Ghore , District and Sessions Judge in the High Court for Ambikapur) ལགས་ཀྱི་སྣེ་ཁྲིད་འོག་ས་གནས་རྫོང་གི་ཁྲིམས་དང་འབྲེལ་བའི་ལས་དོན་གྱི་དྲུང་ཆེ་ཇཱ་ནཱར་དཱན་ཁེ་རི་ (Janardan Kheri, Secretary of District Legal Service Authority , Ambikapur) ལགས་དང་། རྫོང་གི་ཁྲིམས་ཞིབ་ལས་རོགས་ཨོམ་པྲ་ཀཱཤ་ (Om Prakash Jaiswal , Additional District Judge) ལགས། སི་ཏཱ་པུར་སྤྱི་མང་ཁྲིམས་ཞིབ་པ་དུ་ལཱར་སིངྒ་ (Dular Singh, Civil Judge in Sitapur) ལགས་བཅས་དང་། གཞན་ཡང་མན་སྤར་ས་གནས་གྲོང་སྡེའི་འགོ་དཔོན་སྐུ་ཞབས་ཨེས་ཀེ་དུ་བྷེ་ (S.K. Dubey) ལགས་དང་སར་གྷུ་ཇ་ (Surguja) རྫོང་གི་ཉེན་རྟོག་པ་ (Shishir Khand Singh)ལགས། དེ་བཞིན་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་གཙོས་ལས་ཀྱི་སྣེ་མོ་བ་དང་། གཞིས་མི་མང་ཚོགས་ལྷན་འཛོམས་ཐོག་ཁྲིམས་དཔོན་ཆེ་བས་གཙོས་གཞན་ཁག་གཅིག་ནས་ཁྲིམས་དང་འབྲེལ་བའི་སྐོར་ལ་གོ་རྟོགས་ཀྱི་གསུང་བཤད་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྐུ་མགྲོན་གཙོ་བོ་གཙོས་པའི་ས་གནས་ཀྱི་གནད་ཡོད་མི་སྣ་སོགས་ཚོགས་ཁང་དུ་ལྷན་འཛོམས་ཐོག་ལས་དྲུང་འཇམ་དབྱངས་སྒྲོལ་མ་ལགས་ཀྱིས་ཧིན་སྐད་ཐོག་ལས་རིམ་གཙོ་སྐྱོང་གནང་སྟེ་དང་ཐོག་མན་སྤར་ཕན་བདེ་གླིང་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། བོད་མི་རྣམས་རྒྱ་གར་འཕགས་པའི་ཡུལ་དུ་ཐོག་མར་བཙན་བྱོལ་ལ་སླེབས་པའི་སྐབས་ནས་བཟུང་ད་བར་རྒྱ་གར་གཞུང་མང་གཉིས་ནས་མཐུན་འགྱུར་རོགས་རམ་ཤུགས་ཆེ་གནང་དང་གནང་བཞིན་ཡོད་པར་བརྟེན་ད་བར་ལོ་རྒྱུས་ནང་རྒྱ་གར་ནི་བོད་མི་རྣམས་ལ་བཀའ་དྲིན་ཆེ་ཤོས་གྲས་ཤིག་ཡིན། མན་སྤར་ས་གནས་ཀྱི་གྲོང་སྡེའི་འགོ་དཔོན་སྐུ་ཞབས་ཨེས་ཀེ་དུ་བྷེ་ (S.K. Dubey) ལགས་དང་སར་གྷུ་ཇ་རྫོང་གི་ཉེན་རྟོག་པ་ (Shishir Khand Singh) ལགས་རྣམ་གཉིས་ནས་ཡང་དུས་རྒྱུན་ལས་དོན་གང་འདྲ་ཞིག་ཡིན་ནའང་རྒྱབ་སྐྱོར་གནང་བཞིན་ཡོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཕྱི་ལོ་ ༡༩༦༣ ཙམ་ནས་མན་སྤར་ཕན་བདེ་གླིང་དུ་བོད་མི་གནས་སྡོད་བྱེད་བཞིན་ཡོད་པ་དང་། ས་གནས་ཀྱི་ཁྲིམས་ལ་བརྩི་སྲུང་དང་ཡུལ་མི་ལྷན་འཆམ་མཐུན་ངང་གནས་བཞིན་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་ས་གནས་རྫོང་གི་ཁྲིམས་དང་འབྲེལ་བའི་ལས་དོན་གྱི་དྲུང་ཆེ་ (Janardan Kher) ལགས་དང་རྫོང་གི་ཁྲིམས་ཞིབ་ལས་རོགས་ (Om Prakash Jaiswal) ལགས། སྤྱི་མང་ཁྲིམས་ཞིབ་པ་ (Dular Singh) ལགས་བཅས་ནས་རིམ་བཞིན་ཁྲིམས་དང་འབྲེལ་བའི་སྐོར་ལ་གསུང་བཤད་གནང་།
དེ་རྗེས་རྒྱ་གར་ཆ་ཏྟཱིས་གར་མངའ་སྡེའི་གྲོང་ཁྱེར་ཨམ་སྦི་ཀ་པུར་གྱི་ཁྲིམས་དཔོན་སྐུ་ཞབས་ (Rakesh Bihari Ghore) ལགས་ཀྱིས་གསུང་བཤད་གནང་དོན། ཕྲན་རང་ཉིད་དུས་ཐོག་སླེབས་མ་ཐུབ་པར་དགོངས་སེལ་ཞུ་རྒྱུ་ཡིན། མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་སུ་སླེབས་ཏེ་གཞིས་མི་དང་ལྷན་ཐུག་འཕྲད་ཀྱིས་ཁྲིམས་ཐོག་བཤད་དགོས་ཀྱི་ཡོད། འོན་ཀྱང་དུས་ཡུན་ཐུང་ཐུང་རིང་ཁྲིམས་ཐོག་ཇི་མ་ཇི་བཞིན་བཤད་རྒྱུར་ཁག་པོ་རེད། འདས་པའི་ཟླ་དྲུག་རིང་ཕྲན་རང་ཉིད་མན་སྤར་དུ་ཐེངས་གཉིས་སམ་གསུམ་རིང་སླེབས་ཡོད། སྐབས་དེ་དུས་ངའི་ཚོར་སྣང་ལ་ས་གནས་བོད་མིའི་རྣམས་ཁྲིམས་ལ་བརྩི་སྲུང་བྱེད་མཁན་དང་། ས་གནས་སུ་ཡོད་པའི་སྤྲོ་སྐྱིད་གཏོང་སའི་ས་ཆར་གཙང་བཟོ་བྱེད་ཀྱི་ཡོད་པར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན།
ཕྱོགས་མཚུངས་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་སུ་ནག་ཉེས་བྱེད་མཁན་རྩ་བ་ཉིད་ནས་མེད། གལ་ཏེ་འདི་ལྟ་བུ་བྱུང་ཚེ་ཕན་ཚུན་གྲོས་མོལ་ཐོག་ནས་སེལ་གྱི་ཡོད། རྩོད་རྙོག་གང་འདྲ་ཞིག་ཡིན་རུང་ཕན་ཚུན་གྲོས་མོལ་བྱེད་དེ་དཀའ་ངལ་སེལ་དགོས་རྒྱུའི་ཐབས་ལམ་བཟང་ཤོས་ཤིག་ཡིན། སོ་སོའི་ཉེ་འཁོར་དུ་ནག་ཉེས་ཤིག་འབྱུང་གི་ཡོད་ན། ས་གནས་ཀྱི་འབྲེལ་ཡོད་ལས་བྱེད་ལ་བརྡ་ལན་བྱེད་དགོས་རྒྱུ་ང་ཚོའི་འགན་ཡིན་ཞེས་དང་།
ད་ཆ་ (The Motor Vehicles Act) ཞེས་འགུལ་སྐྱོད་སྣུམ་འཁོར་ཁྲིམས་བསྐྱར་བཅོས་གནང་སྟེ་དེའི་ཐོག་སྔར་ལྷག་ཁྲིམས་དམ་དུ་བཏང་ཡོད་པར་བརྟེན་རྣམ་པ་ཚོའི་རླངས་འཁོར་སོགས་གཏོང་ཆོག་པའི་ལག་འཁྱེར་མེད་པའི་ཐོག་ནས་རླངས་འཁོར་སོགས་མ་གཏོང་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་སྟེ་དྲི་བ་དྲིས་ལན་གྱི་ལས་རིམ་འགོ་འཛུགས་གནང་།
མཐར་ས་གནས་འགོ་འཛིན་གྱིས་གཙོས་པའི་ལས་སྣེ་རྣམ་པས་རིམ་བཞིན་ཁྲིམས་དཔོན་གཙོ་བོར་གྱུར་པའི་གཞན་ས་གནས་ཁྲིམས་ཀྱི་གནད་ཡོད་མི་སྣར་ཐུགས་རྗེ་ཆེ་ཞུའི་དྲན་རྟེན་ཕྱག་རྟགས་ཤིག་ཕུལ་ཏེ་མཛད་སྒོ་གྲོལ་རྗེས་གཞིས་གྲོང་དང་པོར་རྟེན་གཞི་བྱས་པའི་དྭགས་པོ་བཤད་སྒྲུབ་གླིང་དགོན་པར་མཆོད་མཇལ་དུ་ཕེབས་ཡོད་པ་བཅས། །