༄༅། །མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་མཁན་དང་ཡི་ཤུའི་བླ་ཆེན་ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་ (Archbishop Desmond Tutu) མཆོག་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༦ རེས་གཟའ་ཉི་མའི་ཉིན་དགུང་གྲངས་ ༩༠ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དམ་པ་དེ་ཉིད་ཀྱི་སྐུ་ཟླ་ལཱེ་ཧ་ཊུ་ཊུ་ (Leah Tutu) ལགས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན། ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཕྲན་རང་ཉིད་ཧ་ཅང་བློ་ཕམ་བྱུང་། ངས་བོད་མིའི་སྒྲིག་འཛུགས་དང་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འདས་པོ་དམ་པ་དེ་ཉིད་ཀྱི་ཆེད་དུ་སྨོན་ལམ་གསོལ་འདེབས་དང་། དེ་བཞིན་སྐུ་ཉིད་ཀྱིས་གཙོས་ནང་མི་སྤུན་མཆེད་དང་ལྷོ་ཨཕ་རི་ཀའི་མི་མང་ཡོངས་ལ་སྙིང་ཐག་པ་ནས་ཐུགས་གསོ་ཞུ་རྒྱུ་ཡིན།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་མཆོག་གི་དབར་མཛའ་གྲོགས་ཀྱི་འབྲེལ་བ་དམིགས་བསལ་ཞིག་བྱུང་ཡོད་པ་དེས་བོད་མི་ཡོངས་ལ་སེམས་འགུལ་ཐེབས་བཅུག་ཡོད་པ་མ་ཟད། སེམས་ཤུགས་ཀྱང་བསྐྱེད་དུ་བཅུག་ཡོད་སྟབས་དམ་པ་ཁོང་འདས་གྲོངས་སུ་གྱུར་བ་ལ་བརྟེན་ནས་བོད་མི་རྣམས་ཧ་ཅང་བློ་ཕམ་བྱུང་ཡོད།
དམ་པ་ཁོང་བཞུགས་སྒར་རྡ་སར་ཕེབས་པ་དང་། ལྷག་པར་ཕྱི་ལོ་ ༢༠༡༥ ལོར་དམ་པ་ཁོང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དུས་ཆེན་སྔ་སྣུར་གྱིས་སྲུང་བརྩི་ཞུས་པའི་མཛད་སྒོར་ཕེབས་པ་དེ་ང་ཚོས་དགའ་སྤྲོའི་ངང་ནས་དྲན་སོས་ཀྱི་འདུག ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་མཆོག་གིས་འཛམ་གླིང་གི་མི་ས་ཡ་མང་པོ་ཚུད་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་གནང་ཡོད། དམ་པ་ཁོང་གིས་རང་གི་མི་མང་ལ་དྲང་བདེན་དང་རང་དབང་ཐོབ་བཅུག་པ་ནི་བོད་མི་ཚུད་པའི་འཛམ་གླིང་གི་སྐྱེ་བོ་མང་པོར་སེམས་ཤུགས་བསྐྱེད་དུ་བཅུག་ཡོད། ང་ཚོས་དམ་པ་ཁོང་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན་ལ། དམ་པ་ཁོང་གི་མཛད་རྗེས་ཀྱིས་ང་ཚོར་སེམས་ཤུགས་བསྐྱེད་དུ་བཅུག་ཡོད། ད་ལྟ་དམ་པ་ཁོང་ང་ཚོ་དང་ལྷན་དུ་སྐུ་འཚོ་བཞུགས་མེད་ནའང་ཁོང་གི་མཛད་རྗེས་དེ་མུ་མཐུད་གསོན་པོར་གནས་ཀྱི་རེད།
དེ་རིང་ང་ཚོས་ནང་པའི་ལུགས་སྲོལ་ལྟར་དམ་པ་ཁོང་ལ་རྗེས་དྲན་སླད་མཆོད་འབུལ་སྨོན་ལམ་ཞིག་འཚོགས་རྒྱུ་ཡིན། དམ་པ་ཁོང་གི་གཞན་ཕན་གྱི་སྙིང་སྟོབས་ཀྱིས་ང་ཚོར་མུ་མཐུད་ལམ་སྟོན་གནང་རྒྱུའི་སྨོན་ལམ་འདེབས་རྒྱུ་ཡིན། སླར་ཡང་ངས་སྙིང་ཐག་པ་ནས་འདས་པོ་དམ་པ་དེ་ཉིད་ཀྱི་ཆེད་དུ་སྨོན་ལམ་གསོལ་འདེབས་དང་། དེ་བཞིན་སྐུ་ཉིད་ཀྱིས་གཙོས་ནང་མི་སྤུན་མཆེད་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།།