༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༩ ཉིན་སྐུ་ཞབས་ཨོ་ལ་ཧྥི་ཤོལ་ཛི་ (Olaf Scholz) མཆོག་ཇར་མ་ནཱིའི་སྲིད་བློན་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འཕྲིན་ཞིག་གནང་བའི་ནང་འཁོད་དོན། སྐུ་ཉིད་ཀྱིས་ཇར་མ་ནཱིའི་སྲིད་བློན་གྱི་ཐུགས་འགན་བཞེས་གནང་བར་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན། བོད་མིའི་དཀའ་སྡུག་དུས་རྟག་ཏུ་ཇར་མ་ནཱིའི་གྲོས་ཚོགས་ནང་གླེང་སློང་གནང་ཡོད་པ་དང་། ཕྱི་ལོ་ ༡༩༨༧ ལོའི་འགོ་སྟོད་ལ་སྐབས་དེའི་ནུབ་ཇར་མ་ནཱིའི་གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་ཐོག་གྲོས་ཆོད་ཅིག་བཞག་གནང་ཡོད། ལོ་འདིའི་འགོ་སྟོད་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ (UN Human Rights Council) སུ་ཇར་མ་ནཱི་ཡིས་རྒྱལ་ཁབ་གཞན་རྣམས་ལྟར་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་བཞིན་པའི་སྐོར་ཐུགས་འཚབ་ཀྱིས་གླེང་སློང་གནང་ཡོད།
བོད་མིས་བོད་རྒྱའི་དཀའ་རྙོག་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་སེལ་ཐབས་གནང་བཞིན་པར་ཇར་མ་ནཱིའི་མི་མང་གིས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་བརྒྱུད་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་མུས་ཡིན། ང་ཚོས་ཇར་མ་ནཱིའི་གཞུང་དང་མི་མང་བཅས་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་ཡི་ཡོད།
སྐུ་ཉིད་ལ་ལོ་ངོ་བཅུ་ཕྲག་མང་པོའི་མཁྱེན་རྒྱ་དང་ཁ་ཐོག་ལག་བཞག་གི་དབུ་ཁྲིད་ཀྱི་ནུས་པ་ཡོད་པའི་ཆ་ནས་ཇར་མ་ནཱི་ཡིས་ཛམ་གླིང་ནང་འགན་ཤུགས་ཆེ་ཙམ་འཁུར་ཐུབ་པའི་ཕྲན་རང་ཉིད་ལ་གདེང་ཚོད་ཡོད། ཇར་མ་ནཱི་ཡིས་མང་གཙོའི་རིན་ཐང་དང་འགྲོ་བ་མིའི་ཐོབ་ཐང་ལ་དུས་རྟག་ཏུ་རྒྱབ་སྐྱོར་གནང་བཞིན་ཡོད་པས་སྐུ་ཉིད་ཀྱི་སྲིད་བྱུས་ནང་མང་གཙོའི་རིན་ཐང་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྱད་ཆོས་འབུར་དུ་ཐོན་ཐུབ་པའི་རེ་བ་ཡོད། ཅེས་འཚམས་འཕྲིན་གནང་ཡོད་པ་བཅས།།