༄༅། །བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༠ ཉིན་ཕ་རཱན་སིའི་རྒྱལ་ས་པེ་རི་སིར་ཡོད་པའི་ཐའེ་ཝན་གཞུང་ཚབ་ཆེན་མོ་ཧྥི་རན་ཁོ་སི་ཆི་ཁྲུང་ཝུ་ (Francois Chichung Wu) ལགས་དང་མཇལ་འཕྲད་གནང་ཡོད། སྐབས་དེར་ཐའེ་ཝན་གཞུང་ཚབ་ཆེན་མོ་ཧྥི་རན་ཁོ་སི་ཆི་ཁྲུང་ཝུ་ལགས་ཀྱིས་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་པེ་རི་སིའི་འབྲེལ་མཐུད་ལས་ཁུངས་ཀྱི་དྲུང་ཆེ་རྣམ་རྒྱལ་བསམ་གྲུབ་ལགས་ལ་རྒྱ་ནག་གཞུང་གིས་ཐའེ་ཝན་ལ་སྡིགས་ར་སྐུལ་བཞིན་པར་ཐའེ་ཝན་གཞུང་གིས་གདོང་ལེན་གནང་བཞིན་པ་དང་། ལི་ཐུ་ནི་ཡཱ་(Lithuania) དང་རྒྱ་ནག་གི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་བཞིན་པ་སོགས་ཀྱི་སྐོར་གསུངས།བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཐའེ་ཝན་གཞུང་ཚབ་ཆེན་མོ་ཧྥི་རན་ཁོ་སི་ཆི་ཁྲུང་ཝུ་ལགས་ལ་བོད་ནི་འཛམ་གླིང་ནང་རང་དབང་མེད་མཁན་གྱི་ལུང་པ་ཆེས་སྡུག་ཤོས་གྲས་སུ་ཚུད་ཡོད་པ་དང་། དེ་བཞིན་བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་ནག་གི་དབང་བསྒྱུར་འོག་དཀའ་སྡུག་མྱོང་བཞིན་པ། རྒྱ་ནག་གཞུང་གིས་ཐའེ་ཝན་ལ་དབང་བསྒྱུར་བྱ་རྒྱུའི་སྡིགས་ར་སྐུལ་བཞིན་པའི་མཚོན་བོད་དང་། ཤར་ཏུར་ཀི་སི་ཐན་སོགས་ཀྱི་མི་རིགས་རྣམས་ལ་དྲག་གནོན་བྱེད་བཞིན་པ་སོགས་ཀྱི་སྐོར་གསུངས། གཞན་ཡང་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ལི་ཐུ་ནི་ཡཱའི་མི་མང་དང་བོད་མི་རྣམས་ཀྱི་དབར་ལ་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། ལྷག་པར་ལི་ཐུ་ནི་ཡཱའི་གྲོས་ཚོགས་འཐུས་མི་རྣམ་པ་དང་བོད་མིའི་དབར་ལ་འབྲེལ་བ་དམ་ཟབ་ཡོད་པ་སོགས་ཀྱི་སྐོར་གསུངས།
ཕྱོགས་མཚུངས་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཨ་རི་དང་། ཁེ་ན་ཌ། ཨིན་ཡུལ། ཨོ་སི་ཊི་ལི་ཡ་སོགས་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་གྱིས་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩེད་འགྲན་ཚོགས་སུ་གཞུང་ཚབ་མི་སྣ་གཏང་རྒྱུ་མིན་པའི་གསལ་བསྒྲགས་གནང་ཡོད་པ་སོགས་ཀྱི་སྐོར་གསུངས་ཡོད་པ་བཅས།།