༄༅། ། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༠ ཉིན་རྡ་ས་ཧིན་བོད་མཛའ་འབྲེལ་
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡ ཙམ་ལ་དུས་སྟོན་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་གཞན་ཡང་སྐུ་མགྲོན་དུ་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་གཅིག་ཕེབས་གནང་ཡོད་པ་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇིཊ་ནེ་རི་ཡ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་སྦྲགས་མཛད་སྒོ་དབུ་འཛུགས་ཞུས་ཤིང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། ཕྲན་རང་ཉིད་ཕྱི་ལོ་ ༢༠༠༩ ནས་ ༢༠༡༦ བར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཡིན་པའི་སྐབས་དུས་སྟོན་ལ་ཐེངས་འགའ་ཤས་བཅར་རྒྱུའི་གོ་སྐབས་བྱུང་། སྐབས་དེ་དུས་ཀྱི་དུས་སྟོན་ད་ལྟ་ལས་གྲ་རྒྱས་པ་ཡོད། དེ་དུས་མཉམ་ཞུགས་པ་ཧི་མ་ལ་ཡ་ས་ཁུལ་ཙམ་མ་ཡིན་པར་ཕྱི་ཡི་རྒྱལ་ཁབ་ཁག་ནས་ཀྱང་མཉམ་ཞུགས་གནང་མཁན་ཡོད།
དུས་སྟོན་འདི་ལ་མཚོན་ན་དུས་སྟོན་དམིགས་བསལ་ཞིག་ཆགས་ཀྱི་ཡོད། གང་ཡིན་ཞེ་ན། སྤྱིར་ང་ཚོ་ཚང་མ་རྡ་རམ་ས་ལར་མཉམ་དུ་གནས་སྡོད་བྱེད་ཀྱི་ཡོད་ནའང་། ང་ཚོའི་བར་རྟག་ཏུ་ཐུག་འཕྲད་ཡོང་གི་མེད། དེ་རིང་སྔ་དྲོ་ང་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་ཝེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༣༢ འཁོར་བའི་གཞུང་འབྲེལ་མཛད་སྒོ་ཚོགས་ཡོད་པ་དང་མཉམ་དུ་རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་རྩ་བརླག་ཏུ་གཏོང་བར་དམིགས་ནས་ལག་བསྟར་བྱེད་བཞིན་པའི་དྲག་སྤྱོད་ཆེ་བའི་སྲིད་བྱུས་འོག་སྡུག་སྦྱོང་མྱོང་བཞིན་པའི་གཞིས་ལུས་བོད་མི་རྣམས་ལ་དྲན་གསོ་ཞུས་ཡོད།
མ་འོངས་པར་ཐེངས་འདིའི་དུས་སྟོན་ལྟ་བུ་རྒྱ་གར་གྱི་གྲོང་ཁྱེར་ཁག་གི་གཞོན་སྐྱེས་གཙོ་བོར་གྱུར་བའི་རྒྱ་གར་མི་མང་དང་མཉམ་དུ་མང་ཙམ་གོ་སྒྲིག་ཞུ་ཐུབ་ན་ཡག་པོ་ཡོད་པའི་དགོངས་ཚུལ་གསུང་མཁན་མང་པོ་འདུག །དེ་ལྟར་གནང་ན་མ་འོངས་པར་ང་ཚོས་གང་བྱེད་ཐུབ་མིན་དང་། གང་བྱེད་དགོན་མིན་ཧ་གོ་ཐུབ་ཀྱི་རེད། ང་ཚོས་རྒྱ་གར་བ་དང་མཉམ་དུ་འབྲེལ་བ་དམ་དུ་གཏོང་དགོས། ཟླ་བ་གཅིག་ཙམ་གྱི་གོང་ལ་ཀངྒ་རཱ་གནམ་ཐང་དུ་ཧི་མཱ་ཅལ་མངའ་སྡེའི་ཆབ་སྲིད་པ་ཞིག་གི་བུ་དང་ཐུག་འཕྲད་བྱུང་། ཁོས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་གོ་རྟོགས་ཅི་ཡང་མེད་ཅེས་བཤད་བྱུང་། ངས་ཁོ་ལ་ཁྱེད་ཚོ་ཧི་མ་ཅཱལ་གྱི་གཞོན་སྐྱེས་ཚོ་ཁག་བསྒྲིགས་ནས་ཡོང་ན་ང་ཚོས་དགའ་པོའི་ངང་བསུ་ལེན་དང་ལས་ཁུངས་ཁག་གི་ལས་དོན་བྱེད་ཕྱོགས་བསྟན་ཆོག་ཅེས་བཤད་པ་ཡིན། ང་ཚོ་འདིར་ལོ་ངོ་བཅུ་ཕྲག་འགའ་ཤས་བསྡད་ཡོད་ནའང་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་དང་། ང་ཚོར་འཕྲད་བཞིན་པའི་དཀའ་ངལ། གཞན་ཡང་ཇི་ལྟར་ང་ཚོས་མང་གཙོ་དང་མཐུན་པའི་ཐོག་འཛིན་སྐྱོང་བྱེད་ཚུལ་རྣམས་ད་དུང་ཡང་རྒྱ་གར་མི་མང་ས་ཡ་མང་པོར་རྒྱུས་མངའ་མེད། འདི་ལྟ་བུའི་དུས་སྟོན་ལ་བརྟེན་ནས་བོད་ནང་གི་རྒྱ་ཆེ་མི་མང་གི་གནས་སྟངས་སྐོར་རྒྱ་གར་མི་མང་ལ་གོ་རྟོགས་སྤེལ་བར་ཕན་ཐོགས་ཆེན་པོ་ཡོད་ཅེས་དང་།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ས་གནས་འདིར་ཡོད་པའི་ང་ཚོའི་རྒྱ་གར་གྲོགས་པོ་རྣམས་དང་། ཕྱོགས་མཚུངས་ཧི་མ་ཅཱལ་མངའ་སྡེ་གཞུང་དང་མི་མང་ནས་ང་ཚོར་གནས་སྡོད་བྱ་ཡུལ་གནང་བར་བཀའ་དྲིན་ཧ་ཅང་ཆེན་པོ་ཡིན། ཐེངས་རེ་ཟུང་ང་ཚོའི་འདོད་པ་ཡོད་པ་ལྟར་གནས་སྟངས་ཡག་པོ་རང་བྱུང་མེད་པ་ངས་ཤེས་ཀྱི་ཡོད། ང་ཚོས་འདས་པའི་ཉམས་མྱོང་ལས་བསླབ་བྱ་བླངས་ནས་དེ་རིགས་མ་འོངས་པར་སླར་ཡང་མི་ཡོང་བའི་འབད་བརྩོན་ངེས་པར་བྱེད་དགོས། ངས་ཀྱང་ས་གནས་གཞུང་དང་ལྷན་མཉམ་འབྲེལ་གྱིས་བོད་མི་དང་ཡུལ་མི་བར་འཆམ་མཐུན་སྔར་ལྷག་ཡོང་བར་འབད་རྩོལ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་བོད་དང་རྒྱ་གར་གྱི་སྲོལ་རྒྱུན་གཞས་སྣ་ཁག་གཅིག་གཟིགས་འབུལ་ཞུས་ཡོད།
ཧི་མ་ལ་ཡའི་དུས་སྟོན་ཐེངས་ཉེར་ལྔ་པ་དེ་བཞིན་ཕྱི་ཚེས་ ༡༠ ནས་ ༡༡ བར་ཉིན་གྲངས་གཉིས་རིང་བོད་ཀྱི་ཟློས་གར་ཚོགས་པར་འཚོགས་ཀྱི་ཡོད་པ་དང་། དུས་སྟོན་གྱི་ཉིན་དང་པོར་བོད་མི་གཙོས་ས་གནས་ཡུལ་མི་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་མཉམ་ཞུགས་གནང་ཡོད་པ་བཅས།།
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཧི་མཱ་ལ་ཡའི་དུས་སྟོན་དབུ་འབྱེད་མཛད་སྒོར་ཆེད་ཕེབས་གནང་བ།
གསར་གནས།

འབྲེལ་གནས།