༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་ཀྱི་དགོན་སྡེ་སྨིན་གྲོལ་གླིང་དང་། དཔལ་བདེ་ཆེན་ཆོས་འཁོར་གླིང་། བཀྲ་ཤིས་འཁྱིལ་དགོན་པ་བཅས་སུ་མཆོད་མཇལ་དང་གནས་གཟིགས་གནང་གྲུབ་མཚམས་དོན་གྲུབ་གླིང་ནེ་རུ་དྲན་རྟེན་སློབ་གྲྭར་འཚམས་གཟིགས་དང་དོན་གྲུབ་གླིང་མི་མང་ལ་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། དོན་གྲུབ་གླིང་གཞིས་ཆགས་འདི་ཉིད་འཛིན་སྐྱོང་གནང་སྟངས་བཙན་བྱོལ་བོད་མིའི་གཞིས་ཆགས་གཞན་དང་མི་འདྲ་བར་གཙོ་བོ་སྨིན་གྲོལ་གླིང་དགོན་པས་འགན་བཞེས་གནང་བ་དང་། དེ་བཞིན་ད་བར་༧སྐྱབས་རྗེ་མཁོ་ཁྱིམ་རིན་པོ་རིན་པོ་ཆེ་མཆོག་གི་ཐུགས་བརྩེ་བ་ཆེན་པོས་སློབ་གྲྭར་གཟིགས་རྟོག་གནང་ཡོད། ད་ལྟའི་ཆར་རྗེ་བཙུན་མཁའ་འགྲོ་རིན་པོ་ཆེ་མཆོག་གིས་ལམ་སྟོན་སོགས་ཡག་པོ་གནང་གི་ཡོད་ས་རེད། ཕྱོགས་མཚུངས་དགོན་པ་གཞན་ཁག་དང་མང་ཚོགས་ནས་ཀྱང་འགན་བཞེས་ཀྱི་ཡོད་ས་རེད། རྣམ་པ་ཚོ་གོམ་པ་མདུན་སྤོ་གནང་སྟེ་བོད་སྤྱི་པའི་དོན་དུ་མཉམ་རུབ་བྱེད་ཀྱི་ཡོད་པ་འདི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་རེད། དེར་བརྟེན་ཚང་མས་ད་བར་ཧུར་ཐག་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། མ་འོངས་པར་འདི་ལྟ་བུའི་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་ཡོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།སེམས་ཅན་ཁམས་དང་མོས་པ་སྣ་ཚོགས་ཡོད་སྟབས། ང་ཚོ་ནང་ཁུལ་ལ་བསམ་ཚུལ་ཕྲན་བུ་མ་མཐུན་པའི་གནས་ཚུལ་བྱུང་བ་ཡིན་ནའང་བོད་མི་གཅིག་པ་ཡིན་པར་བརྟེན་ངེས་པར་དུ་བཟོད་བསྲན་གནང་དགོས། བོད་མིར་མཚོན་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ཧ་ཅང་བཀའ་དྲིན་ཆེན་པོ་རེད། ལོ་རྒྱུས་ཐོག་ནས་བཙན་པོའི་རྒྱལ་རབས་སྐབས་དུས་རབས་བདུན་པ་ནས་དགུ་པ་བར་རྒྱ་ནག་གི་ཤི་ཡང་ (Xian) ནས་ཨུ་ཛི་བྷེ་ཀི་སི་ཐན་གྱི་སཱ་མཱར་ཀནྟ་བར་དབང་བསྒྱུར་བྱས་པའི་བྱུང་རབས་ནང་གནས་ཚུལ་ཡོད་པ་རེད།
དེ་ནས་བོད་སིལ་བུར་འཐོར་པ་རེད། དེ་རྗེས་ས་སྐྱ་དང་ཕག་མོ་གྲུ་པ། རིན་སྤུངས། སྡེ་པ་གཙང་པ། ༸རྒྱལ་དབང་དབང་སྐུ་ཕྲེང་ལྔ་པ་ནས་བཟུང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་གཞུང་བཟུང་བའི་གནས་སྟངས་དེ་ཚོ་ཡག་པོ་བལྟས་པ་ཡིན་ན། ང་ཚོ་ནང་ཁུལ་ལ་གནས་སྟངས་ག་འདྲ་ཆགས་འདུག་དེ་དག་ཕྲན་བུ་ཤེས་ཀྱི་རེད། ང་ཚོ་ནང་ཁུལ་ལ་གནས་སྟངས་ཆགས་ཡོད་ནའང་བོད་མི་རིགས་ཟེར་རྒྱུ་དེ་གཅིག་ལ་གནས་ཡོད་པ་མ་གཏོགས་དུམ་བུར་འགྲོ་མེད།བཀའ་ཤག་སྐབས་ ༡༦ སླེབ་པ་དང་ལས་ཀ་དང་པོ་དེ་ནད་ཡམས་ཐོག་བྱས་པ་རེད། སྐབས་དེར་དགོན་སྡེ་ཁག་ནས་བོད་མི་རྣམས་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་གནང་ཡོད། དཀའ་ངལ་ཧ་ཅང་འཕྲད་པའི་སྐབས་བོད་པའི་བླ་སྤྲུལ་རྣམ་པ་དང་དགོན་སྡེ་ཁག གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག སྒེར། ཕྱིའི་རོགས་ཚོགས་ཁག་སོགས་དང་། དེའི་སྟེང་བོད་མིའི་སྒྲིག་འཛུགས་ནས་རོགས་བྱེད་ཡོང་དུས་ནད་ཡམས་ལ་ཁ་གཏད་སླད་སྤྱི་ཚོགས་གཞན་དང་མི་འདྲ་བར་གྱོང་ཐག་ཆོད་ལྟ་བུ་བྱུང་ཡོད། ཡར་ཐོན་ཅན་གྱི་རྒྱལ་ཁབ་གཞན་དང་ཚད་མཉམ་པའི་མང་ཚོགས་ཀྱི་བདེ་སྡུག་བལྟས་ཐུབ་ཡོད་པ་འདི་བོད་མིའི་སྒྲིག་འཛུགས་གཅིག་པུས་བྱས་ནས་ཡོང་ཐུབ་ཐབས་མེད་པ་ཧ་ཅང་གསལ་པོ་རེད། ཚང་མས་མཉམ་རུས་བྱས་པ་ལ་བརྟེན་ནས་ཡོང་བ་རེད།དཔེར་ན་རང་བཙན་དང་དབུ་མ་ལྟ་བུ་ཡིན་ནའང་ང་ཚོ་ནང་ཁུལ་འགལ་ཟླ་དགོས་རྒྱུ་གང་ཡང་མེད། ང་ཚོ་ནང་ཁུལ་རྩོད་དགོས་དོན་གང་ཡང་མེད། ང་ཚོའི་ཁ་གཏད་རྒྱ་ནག་ཡིན་པར་བརྟེན་ང་ཚོའི་ཁ་གཏད་དེ་ངོས་འཛིན་པའི་ཐོག་ནས་རྒྱ་ནག་ལ་གང་བཤད་དགོས་ཀྱི་ཡོད་ནའང་བཤད་དགོས་ཀྱི་རེད་མ་གཏོགས་ང་ཚོ་ནང་ཁུལ་ལ་བཤད་ནས་ཕན་ཐོགས་རྒྱུ་གང་ཡང་མེད། ད་བར་འགྱུར་བ་ཐེབས་དགོས་ཀྱི་ཡོད་ན་ཐེབས་དགོས་ངེས་ལྟ་བུ་རེད། ཉེ་ཆར་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ (Voluntary Tibetan Advocacy Groups V-TAG) ཞེས་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་བོད་རིགས་སུ་འདྲ་ཞིག་ཡུལ་ལུང་གང་དུ་གནས་ཡོད་ནའང་བོད་ཀྱི་རྩ་དོན་ཐོག་ལས་ཀ་བྱེད་རྒྱུའི་གོ་སྐབས་གསར་པ་ཞིག་བསྐྲུན་ཡོད། ལོ་སོགས་ཀྱི་ཁྱད་པར་གང་ཡང་མེད། གཙོ་བོ་བོད་རིགས་གཞོན་སྐྱེས་ཚོ་འགན་འཁུར་རོགས་བྱེད་ན་སྙམ་ནས་ལས་འགུལ་ཞིག་སྤེལ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་མང་ཚོགས་ཀྱི་དྲི་བར་ལན་འདེབས་ཞིབ་རྒྱས་གནང་ཡོད་པ་བཅས།།