༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རཱཇ་པུར་བུད་མེད་མཉམ་ལས་བཟོ་གྲྭར་འཚམས་གཟིགས་ཀྱིས་བཟོ་གྲྭའི་ལས་བྱེད་དང་རཱཇ་པུར་ཁ་འཐོར་མི་མང་ལ་གསུང་བཤད་གནང་དོན། ཐོག་མར་བཀའ་ཤག་སྐབས་བཅུ་དྲུག་པ་དང་ཕྲན་རང་ཉིད་སྒེར་གྱི་ངོས་ནས་རཱཇ་པུར་མི་མང་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་འདིར་ཡོང་དགོས་དོན་གཙོ་བོ་ནི། ཁ་འཐོར་མི་མང་གི་གནས་སྟངས་དང་། དཀའ་ངལ། དགོས་མཁོ་སོགས་རྒྱུས་ལོན་ཆེད་དུ་བཅར་པ་ཡིན།
བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་གཙོ་བོ་གཉིས་ཆགས་ཡོད་པའི་ནང་ནས་ལས་འགན་གཅིག་ནི། བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དང་། ལས་འགན་གཉིས་པ་དེ་བཙན་བྱོལ་དུ་ཡོད་པའི་བོད་རྒྱ་ཆེ་མི་མང་གི་དཀའ་ངལ་སེལ་རྒྱུ་དེ་ཡིན། ང་ཚོའི་ངོས་ནས་ལས་འགན་དང་པོའི་སླད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་འགྲོ་བཞིན་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གྲོས་འགོ་བཏོན་གནང་མཛད་པ་དང་། བོད་རྒྱ་ཆེ་མི་མང་གིས་རྒྱབ་སྐྱོར་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་བའི་སྲིད་བྱུས་ཤིག་རེད། དབུ་མའི་ལམ་གྱི་སྲིད་བྱུས་བསྒྱུར་བ་གཏོང་བར་མང་མོས་ཀྱིས་རྒྱབ་སྐྱོར་གནང་དགོས་སྟབས། དབུ་མའི་ལམ་གྱི་སྲིད་བྱུས་བསྒྱུར་བ་མ་གཏང་བར་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སུ་སླེབས་པ་ཡིན་ནའང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་འགྲོ་དགོས་པ་རེད། རྣམ་པ་ཚོས་ཡིད་ཆེས་དང་འགན་བསྐུར་བ་ནང་བཞིན་ད་ལྟའི་བཀའ་ཤག་གི་ངོས་ནས་འགན་འཁུར་སྟངས་དེ་ཐ་སྙད་བེད་སྤྱོད་བྱེད་ཕྱོགས་ཡིན་ནའང་བོད་ཀྱི་གནད་དོན་ཟེར་བ་དང་། དེ་བཞིན་ཨིན་སྐད་དུ་ (Tibet issue) ཟེར་བ་མ་ཡིན་པར་ཆབ་སྲིད་ཀྱི་ཚིག་བེད་སྤྱོད་གཏོང་སྐབས་ཨིན་སྐད་དུ་ (Sino-Tibet Conflict) དང་བོད་སྐད་དུ་བོད་རྒྱའི་དཀའ་རྙོག་ཅེས་བོད་རྒྱའི་དཀའ་རྙོག་དེ་གལ་ཆེན་པོ་ཡིན་པ་བསྐྲུན་རྒྱུའི་སླད་ཐ་སྙད་བེད་སྤྱོད་བྱེད་སྟངས་ལའང་གང་གཟབ་གཟབ་བྱས་ནས་འགྲོ་བཞིན་ཡོད།
བོད་རྒྱའི་དཀའ་རྙོག་སེལ་བར་རྒྱ་ནག་དང་ལྷན་སྐད་ཆ་བཤད་ནས་ཐབས་ལམ་སྟོན་དགོས་པ་རེད་མ་གཏོགས་ང་ཚོས་རྒྱ་ནག་དང་ལྷན་དམག་བརྒྱབ་ནས་ཡོང་ཐབས་མེད་པ་གསལ་པོ་རེད། ཨ་རི་དང་རྒྱ་གར་སོགས་ཀྱིས་གཙོས་འཛམ་གླིང་གི་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་སོ་སོའི་ཁེ་ཕན་དེ་གཙོ་བོ་འཛིན་གྱི་རེད་མ་གཏོགས་སོ་སོའི་ཁེ་ཕན་ཕར་བཞག་ནས་བོད་དོན་ཆེད་དུ་རྒྱ་ནག་ལ་དམག་རྒྱག་གི་མ་རེད། ཉེ་ཆར་ང་ཚོས་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་ཞིག་བཙུགས་ཏེ་གྲོས་འགོ་བཙུགས་པ་དང་། དེ་བཞིན་ཡིག་ཆ་ཁ་གསལ་དུ་བཟོ་སྟངས་དང་ལས་ཀ་བྱེད་སྟངས་སོགས་འགོ་བཙུགས་ནས་འགྲོ་བཞིན་ཡོད། ང་ཚོས་བོད་ནང་གི་དངོས་ཡོད་གནས་སྟངས་ཞིབ་འཇུག་བྱས་ཏེ་རྒྱ་ནག་གིས་བོད་ནང་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་བོད་དང་རྒྱ་ནག་མི་མང་ལ་ཁེ་ཕན་མེད་པའི་སྐོར་ཟླ་བ་ཁ་ཤས་ནང་རྒྱ་ནག་གཞུང་ལ་སྙན་ཞུ་ཞིག་བརྒྱབ་དགོས་བསམ་ནས་བསྡད་ཡོད། བོད་ནང་གི་གནས་སྟངས་ཞིབ་ཚགས་པོ་བྱས་ནས་རྒྱུས་ལོན་བྱེད་དགོས་པ་དང་། བོད་ནང་གི་གནས་སྟངས་ཡག་པོ་མ་ཤེས་ན་ཕྱིའི་མི་ལ་འགྲེལ་བཤད་རྒྱག་དགོས་བྱུང་ན་ཁག་པོ་ཆགས་ཀྱི་ཡོད། དེར་བརྟེན་སྐབས་བཅུ་དྲུག་པའི་བཀའ་ཤག་གི་ངོས་ནས་བོད་ནང་གི་གནས་སྟངས་ལ་ཞིབ་འཇུག་བྱེད་རྒྱུའི་ནུས་ཤུགས་ཡོད་དགུ་རྩལ་སྤྲུགས་བྱེད་བཞིན་ཡོད། བདེ་སྲུང་ལས་ཁུངས་ནས་བོད་ནང་གི་གནས་སྟངས་ལ་ཞིབ་འཇུག་གི་འགན་གཙོ་བོ་འཁུར་བཞིན་ཡོད། ཕྱི་ལོ་ ༢༠༠༨ ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་བྱས་སྟབས་བོད་ནས་ཚུར་གནས་ཚུལ་ཡོང་རྒྱུ་དེ་ཁག་པོ་ཆགས་འདུག ཅེས་དང་།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཀྱི་སྒྲོམ་གཞི་བཟོས་པའི་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒན་འཁོགས་རྣམས་ལ་ལྟ་རྟོག་གནང་རྒྱུ་ཡིན་པ་སོགས་ཀྱི་སྐོར། མི་མང་གི་ངོས་ནས་ཀྱང་གནས་ཚུལ་མ་ཤེས་པ་ཡིན་ན་ནང་ཁུལ་དཀྲུག་ཤིང་མ་རྒྱག་རོགས་གནང་། ཞེས་དང་། ས་གནས་འགོ་འཛིན་རྣམ་པས་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་མི་མང་གི་དཀའ་ངལ་དང་རྙོག་གྲ་སེལ་ཐབས་གནང་དགོས། སྤྱི་པ་དང་མི་མང་རང་ལ་བསམ་བློ་བཏང་ནས་ལས་ཀ་བྱེད་དགོས། མི་མང་རང་གི་ཁེ་ཕན་ཆེད་དུ་བསམ་བློ་བཏང་ནས་ལས་ཀ་བྱེད་ན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐུགས་མཉེས་པོ་ཡོང་གི་རེད། བཀའ་ཤག་གིས་ལས་ཀ་བྱེད་སྟངས་འགྲིག་གི་མེད་ན་ང་ཚོར་འབྲེལ་བ་གནང་ནས་ཐབས་ཤེས་སྟོན་རོགས་གནང་ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །