༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༠ ནས་ ༡༥ བར་རྡ་སའི་ཉེ་འཁྲིས་ཊ་པུ་ཝན་དུ་ཧི་མཱ་ཅལ་མངའ་སྡེའི་དགུན་ཁའི་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན། ཧི་མཱ་ཅལ་མངའ་གཞུང་གི་ཤིང་ནགས་བློན་ཆེན་སྐུ་ཞབས་རཱ་ཀེཤ་པཱ་ཋ་ནི་ཡཱ་ (Shri.Rakesh Pathania,Minister for Forest,HP) མཆོག་གིས་གདན་ཞུས་ལྟར། ཕྱི་ཚེས་ ༡༤ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་རྒྱུན་ལས་ཁག་ཅིག་དང་། རྡ་སར་ཕྱོགས་བཞུགས་སྤྱི་འཐུས་ཁག་ཅིག་བཅས་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་སུ་ཕེབས་ཏེ། གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཝི་པིན་སིངྒ་པཱར་མཱར་ (Shri.Vipin Singh Parmar, Speaker of the Himachal Pradesh Legislative Assembly) མཆོག་དང་། ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མུ་ཀེཤ་ཨག་ནི་ཧོ་ཏི་རི་ (Shri.Mukesh Agnihotri, Leader of Opposition) མཆོག ཧི་མཱ་ཅལ་མངའ་གཞུང་གི་ཤིང་ནགས་བློན་ཆེན་སྐུ་ཞབས་རཱ་ཀེཤ་པཱ་ཋ་ནི་ཡཱ་མཆོག མངའ་སྡེའི་གློག་གི་བློན་ཆེན་སྐུ་ཞབས་སུག་རཱམ་ (Shri.Sukh Ram, MPP&Power Minister) མཆོག མངའ་སྡེའི་སྤྱི་ཚོགས་དྲང་བདེན་དང་། ནུས་སྟོབས་གོང་སྤེལ་བློན་ཆེན་ལྕམ་སྐུ་སར་ཝིན་ཅའོ་དེ་རི་ (Smt.Sarveen Chaudhary,Social Justice& Empowerment Minister) མཆོག་བཅས་དང་ལྷན་མཇལ་འཕྲད་དང་། དེ་བཞིན་མངའ་སྡེའི་གྲོས་ཚོགས་ཚོགས་སྐབས་ཟུར་ཉན་དུ་གདན་ཞུས་ཀྱིས་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་མཆོག་གིས་སྤྱི་འཐུས་ཚོགས་གཙོ་མཆོག་དང་། སྤྱི་འཐུས་རྣམ་པ་རེ་རེ་བཞིན་ངོ་སྤྲོད་ཀྱིས་མངའ་སྡེའི་གྲོས་ཚོགས་ནས་གཞུང་འབྲེལ་གྱི་དགའ་བསུའི་འཚམས་འདྲི་ཞུས་གནང་སོང་།ད་རེས་སྤྱི་འཐུས་རྣམ་པ་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཟུར་ཉན་དུ་ཕེབས་ཏེ་གྲོས་ཚོགས་ནས་གཞུང་འབྲེལ་དགའ་བསུ་གནང་བ་དེ་བཞིན་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད།
མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་འཚམས་འདྲི་དང་སྦྲགས། སྤྱིར་འཕགས་བོད་གཉིས་དབར་ལོ་ངོ་སྟོང་ཕྲག་མང་པོའི་རིང་ཆོས་དང་། རིག་གཞུང་། ས་མཚམས་བཅས་ཀྱི་ལོ་རྒྱུས་ཀྱི་འབྲེལ་བ་ཡོད་པ་དང་། དེ་བཞིན་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པའི་རྗེས་སུའང། རྒྱ་གར་ནི་བོད་མིའི་ཕ་ཡུལ་གཉིས་པ་ལྟ་བུ་བྱས་ནས་འཕགས་བོད་གཉིས་དབར་མཛའ་བརྩེའི་འབྲེལ་བ་མུ་མཐུད་གནས་ཡོད་པ། འདས་པའི་ལོ་ངོ་དྲུག་ཅུ་ལྷག་ཙམ་རིང་རྒྱ་གར་གཞུང་མང་གཉིས་ནས་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་དང་། རྒྱབ་སྐྱོར་ཤུགས་ཆེ་གནང་བར་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ལྷག་པར་ཧི་མཱ་ཅལ་མངའ་སྡེ་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཆགས་ཡོད་དུས། ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ལའང་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུས་པ་དང་། དེ་བཞིན་མ་འོངས་པར་མུ་མཐུད་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་བཅས་ཡིག་ངག་གཉིས་ཀྱི་ཐོག་ནས་ཞུས་རྗེས། ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཝི་པིན་སིང་པར་མར་མཆོག་དང་། ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མུ་ཀེཤ་ཨག་ནི་ཧོ་ཏི་རི་མཆོག ཧི་མཱ་ཅལ་མངའ་གཞུང་གི་ཤིང་ནགས་བློན་ཆེན་སྐུ་ཞབས་རཱ་ཀེཤ་པཱ་ཋ་ནི་ཡཱ་མཆོག་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་བ་དང་། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཝི་པིན་སིངྒ་པར་མར་མཆོག་གིས་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་སྤྱི་འཐུས་རྣམ་པར་ཧི་མཱ་ཅལ་མངའ་སྡེའི་སྲོལ་རྒྱུན་ཞྭ་མོ་དང་། གོས་གཟན་ (Shawl) བཅས་དང་། དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་སྤྱི་འཐུས་རྣམ་པར་ཉིན་གུང་གསོལ་ཚིགས་འདེགས་འབུལ་གནང་སོང་། དེའི་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱི་ལྷན་གྲོས་ཚོགས་འཚོགས་སྐབས་དང་བསྟུན། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ལ་མགྲོན་འབོད་ཀྱང་གནང་ཡོད།སྐབས་དེར་སྤྱི་འཐུས་རྒྱུན་ལས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་ལགས་དང་། སྤྱི་འཐུས་རྒྱུན་ལས་དགེ་བཤེས་རྔ་བ་གངས་རི་ལགས། སྤྱི་འཐུས་རྒྱུན་ལས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས། སྤྱི་འཐུས་ཟླ་བ་ཚེ་རིང་ལགས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་ལགས། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས། སྤྱི་འཐུས་པདྨ་མཚོ་ལགས། སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས། ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས། དྲུང་འཕར་བསྟན་འཛིན་ཆོས་སྒྲོན་ལགས་བཅས་ཆེད་ཕེབས་གནང་ཡོད་པ་བཅས། །