༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༣ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྐུ་ཞབས་ནཱ་ཀ་ཊ་ནི་ (Gen Nakatani) ལགས་ཉི་ཧོང་སྲིད་བློན་གྱི་དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་གི་སློབ་སྟོན་པར་བསྐོ་གཞག་གནང་བར་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག
དེ་ཡང་འཚམས་འཕྲིན་ནང་འཁོད་དོན། སྐུ་ཉིད་ཉི་ཧོང་སྲིད་བློན་གྱི་དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་གི་སློབ་སྟོན་པར་བསྐོ་གཞག་གནང་བར་ངས་དགའ་ཚོར་ཆེན་པོའི་ངང་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་བསྐོ་གཞག་གནང་བ་དེས་ཉི་ཧོང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་འགན་ཁུར་གནང་གི་ཡོད་པ་མཚོན་པ་དང་། དེས་བོད་གཙོས་པའི་བཙན་གནོན་འོག་སྡུག་པོ་མྱངས་དང་མྱོང་བཞིན་པའི་འཛམ་གླིང་མི་མང་ས་ཡ་མང་པོར་རེ་བ་སྦྱིན་ཡོད།
སྐུ་ཉིད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གི་ཉམས་མྱོང་དང་། མཁྱེན་ཡོན་རྣམས་གཞིར་བཞག་པའི་ཐོག སྐུ་ཉིད་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་ཙམ་མིན་པར། འགྲོ་བ་མིའི་ཆེ་མཐོང་དང་། ཐོབ་ཐང་གོང་སྤེལ་གཏོང་རྒྱུའི་རེ་བ་ཆེན་པོ་ཡོད། དེ་ནི་རང་དབང་དང་། དྲང་བདེན། ཞི་བདེའི་རྩ་བ་རེད་ཅེས་འཁོད་འདུག་པ་བཅས། །