༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༦ ཉིན་ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་བླ་ཆེན་ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་ (Archbishop Desmond Tutu) མཆོག་དགུང་གྲངས་ ༩༠ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། དེ་རིང་སྟེ་ཕྱི་ཚེས་ ༢༧ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། དམ་པ་ཁོང་གི་སྲས་མོ་གཙོས་པའི་ཤུལ་ལུས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག
དམ་པ་ཁོང་གི་སྲས་མོ་ལྕམ་སྐུ་མི་ཧྥོ་ཊུ་ཊུ་ (Rev. Mpho Tutu) ལགས་ལ་བསྐུར་བའི་ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༦ ཉིན་མོ་དེ་ནི་འཛམ་གླིང་སྤྱི་ཡོངས་དང་། ལྷག་པར་དུ་བོད་མི་ཚོར་མཚོན་ན། ཧ་ཅང་གི་སེམས་སྐྱོ་དགོས་པའི་ཉིན་མོ་ཞིག་ཆགས་ཀྱི་ཡོད། སྐུ་གཤེགས་དམ་པ་ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་མཆོག་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་ཧ་ཅང་བློ་ཐག་ཉེ་བའི་མཛའ་གྲོགས་ཞིག་ཡིན་པ་མ་ཟད། འཛམ་གླིང་ཞི་བདེའི་མཚོན་རྟགས་ཤིག་ཀྱང་ཡིན།
ངོས་རང་ལ་མཚོན་ན། ཕྱི་ལོ་ ༢༠༡༥ ལོར་དམ་པ་ཁོང་བཞུགས་སྒར་དུ་ཕེབས་སྐབས་སྐུ་དངོས་སུ་མཇལ་རྒྱུའི་གོ་སྐབས་བྱུང་། དམ་པ་ཁོང་ནི་༧གོང་ས་མཆོག་དང་དམ་ཚིག་ཟབ་ཅིང་། བོད་དོན་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན། ཁོང་སྐུ་འཚོ་བཞུགས་སྐབས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་། རིན་ཐང་། དེ་བཞིན་འཛམ་གླིང་ཞི་བདེ་ཡོང་ཐབས་སླད་ཕྱག་ལས་རྒྱ་ཆེ་གནང་ཡོད།
ཁོང་སྐུ་གཤེགས་པ་དེ་ང་ཚོ་ཚང་མ་བློ་ཕམ་དགོས་པའི་གནས་ཚུལ་ཞིག་ཡིན། ངས་དམ་པ་ཁོང་གི་ཤུལ་ལུས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་དང་། དམ་པ་ཁོང་གི་བྱམས་བརྩེའི་བཀའ་སློབ་ལམ་སྟོན་དང་། ཁོང་གིས་བཞག་པའི་མཛད་རྗེས་རྣམས་ང་ཚོས་དུས་རྟག་ཏུ་དྲན་ངེས་ཡིན།
ངས་སླར་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། དཀའ་ཚེགས་ཆེ་བའི་དུས་ཚོད་འདིར་ཁྱེད་ནང་མི་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག