༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༢ འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན། རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་ཕྱི་ཚེས་ ༡༠ ནས་ ༡༡ བར་ཉིན་གཉིས་རིང་བོད་ཀྱི་ཟློས་གར་ཚོགས་ཁང་ནང་ཧི་མཱ་ལ་ཡའི་དུས་སྟོན་ཐེངས་ ༢༥ པ་སྲུང་བརྩི་ཞུས་གནང་སོང་། དེ་ཡང་ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢།༠༠ པའི་ཐོག་ཧི་མཱ་ལ་ཡའི་དུས་སྟོན་ཐེངས་ ༢༥ པའི་མཇུག་བསྡོམས་མཛད་སྒོ་ཚོགས་ཤིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧི་མཱ་ཅལ་མངའ་གཞུང་གི་ཤིང་ནགས་བློན་ཆེན་སྐུ་ཞབས་ར་ཀེ་ཤི་པ་ཐ་ནཡེ་ (Shri.Rakesh Pathania,Minister for Forest,HP) མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག །རྡ་རམ་ས་ལའི་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ཤལ་ནེ་རི་ཡ་ (Vishal Nehria, MLA Dharamshala) མཆོག གཞན་སྐུ་མགྲོན་དུ་རྡ་ས་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་སྐུ་ཞབས་ཨོན་ཀར་ནེ་རི་ཡ་ (Shri.Onkar Nehria, Mayor of Dharamshala Municipal Corporation) ལགས་དང་། སྤྱི་འཐུས་ཟླ་བ་ཚེ་རིང་ལགས། རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇིཏ་ནེ་རི་ཡ་ (Ajit Nehria) ལགས། རྡ་ས་ས་གནས་འགོ་འཛིན། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ལས་སྣེ། ས་གནས་མི་མང་བཅས་ཚང་འཛོམས་ཐོག་མཛད་སྒོ་དབུ་འཛུགས་གནང་སོང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་མགྲོན་ཡོངས་ལ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། སྤྱིར་ལོ་རྒྱུས་ཐོག་འཕགས་བོད་གཉིས་ཀྱི་དབར་ལོ་ངོ་སྟོང་ཕྲག་མང་པོའི་འབྲེལ་བ་ཡོད་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་དང་། དེའི་རྗེས་སུ་ང་ཚོ་བཙན་བྱོལ་ལ་གྱར་ནས་ལོ་ངོ་བཅུ་ཕྲག་དྲུག་ལྷག་ཙམ་འགྲོ་གི་ཡོད་རེད། དེའི་དུས་ཚོད་རིང་ལ་རྒྱ་གར་ནི་ང་ཚོའི་ཕ་ཡུལ་གཉིས་པ་ལྟ་བུ་བྱས་ནས་ཆོས་དང་རིག་གཞུང་གི་འབྲེལ་བ། དེ་བཞིན་རྒྱ་གར་དབུས་དང་མངའ་སྡེའི་གཞུང་ནས་ང་ཚོར་མཐུན་འགྱུར་དང་རྒྱབ་སྐྱོར་གནང་དགོས་ཁག་ཧ་ཅང་གི་ཚད་མཐོ་པོའི་ཐོག་ནས་རྒྱབ་སྐྱོར་གནང་བཞིན་ཡོད་རེད། དེ་རིང་གི་དུས་དྲན་འདི་ལྟ་བུ་བརྒྱུད་ནས་འཕགས་བོད་དབར་གྱི་འབྲེལ་བ་དང་ལོ་རྒྱུས་དྲན་གསོ་བྱེད་དགོས་པ་དང་། ཕྱོགས་མཚུངས་མ་འོངས་པར་མཛའ་བརྩེའི་འབྲེལ་ལམ་དེ་དམ་ཟབ་ཡོང་རྒྱུར་ཚང་མས་འབད་བརྩོན་གནང་དགོས་པ་གལ་ཆེན་པོ་ཞེ་དྲག་རེད།ལྷག་པར་ཧི་མཱ་ཅལ་མངའ་སྡེ་ལྟ་བུར་མཚོན་པ་ཡིན་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཆགས་ཡོད། ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ནི་ང་ཚོར་ཧ་ཅང་གི་ཉེ་པོ་དང་། བཀའ་དྲིན་ཆེན་པོ་ཆགས་ཡོད་དུས། དེ་རིང་སྡིངས་ཆ་འདིའི་ཐོག་ནས་ཧི་མཱ་ཅལ་མངའ་གཞུང་གི་ཤིང་ནགས་བློན་ཆེན་སྐུ་ཞབས་ར་ཀེ་ཤི་པ་ཐ་ནཡེ་མཆོག་བརྒྱུད་ནས་ཧི་མཱ་ཅལ་གཞུང་མང་གཉིས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་ཧི་མཱ་ལ་ཡའི་དུས་སྟོན་གོ་སྒྲིག་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།
གཞན་ཡང་མཛད་སྒོའི་ཐོག་ཧི་མཱ་ཅལ་མངའ་གཞུང་གི་ཤིང་ནགས་བློན་ཆེན་སྐུ་ཞབས་ར་ཀེ་ཤི་པ་ཐ་ནཡེ་མཆོག་དང་། རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇིཏ་ནེ་རི་ཡ་ལགས་སོགས་ནས་གསུང་བཤད་གནང་བ་དང་། དེ་བཞིན་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་། ས་གནས་ཡུལ་མིའི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་གནང་སོང་བ་བཅས། །