༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ཧྲིལ་པོ་ ༣༢ འཁོར་བའི་དུས་ཚིགས་ཁྱད་པར་ཅན་སྲུང་བརྩི་ཞུ་ཆེད། ཕྱི་ཟླ་ ༡༢ ཚེས་ ༥ རེས་གཟའ་ཉི་མ་ཉིན་ཐའེ་སྡོད་བོད་རིགས་ཚོགས་པའི་གོ་སྒྲིག་ཐོག་སན་ཞ་རི་སྟེང་དུ་མཛད་སྒོ་སྔ་བསྣུར་གྱིས་སྲུང་བརྩི་ཞུས་ཡོད་པ་རེད།ཐོག་མར་ཐའེ་སྡོད་བོད་རིགས་ཚོགས་པའི་དྲུང་ཆེ་འཇམ་དབྱངས་ལགས་ཀྱིས་མཛད་སྒོ་གཙོ་སྐྱོང་གནང་སྟེ་ཚོགས་ཞུགས་བོད་མི་སེར་སྐྱ་ཡོངས་ནས་༸རྒྱལ་བའི་ཞབས་བརྟན་གསུང་འདོན་དང་། ༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་དཀར་གཙང་མཇལ་དར་ཕུལ་གྲུབ་རྗེས། བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྣམ་དག་ལགས་ཀྱིས་མཛད་སྒོ་སྲུང་བརྩི་ཞུ་བའི་དགོས་དམིགས་ངོ་སྤྲོད་དང་། བོད་མི་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་བོད་སྤྱི་པའི་ལས་དོན་ཐོག་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་གནང་།
དེ་རྗེས་ཐའེ་ཝན་བོད་ཀྱི་ས་གནས་གཞོན་ནུ་ཚོགས་པའི་ཚོགས་གཙོ་དཀོན་མཆོག་ལྷག་པ་ལགས་ཀྱིས་གསུང་དོན། ཐའེ་ཝན་ནང་བོད་མི་ཚོས་རྒྱུན་དུ་ལས་དོན་སྤེལ་སྐབས་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་མི་འདྲ་བ་ཡོད་ཀྱང་། བོད་སྤྱི་པའི་ལས་དོན་ཐོག་རང་བཙན་དང་། དབུ་མ་ཞེས་དབྱེ་གླེང་མེད་པར་རྒྱ་ནག་ལ་ཁ་གཏད་ནས་ལས་འགུལ་སྤེལ་གྱི་ཡོད་པ་དེ་མུ་མཐུད་གནང་དགོས་པ་སོགས་གསུངས། མཐའ་མ་སྐུ་ཚབ་དོན་གཅོད་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི་སྙིང་བསྡུས་ངོ་སྤྲོད་དང་། ཨ་རི་གཞུང་ནས་བོད་ཐོག་ཁྲིམས་འཆར་སོགས་ཀྱི་རྒྱབ་སྐྱོར། བོད་ནང་གནས་སྟངས་ཛ་དྲག་སྐོར་དཔེ་མཚོན་དང་བཅས་ངོ་སྤྲོད། བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་སྐོར། བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དགོས་པ་གལ་ཆེ་ཡིན་པས་ཕ་མ་རང་ཉིད་ནས་གཙོ་འགན་གྱིས་རང་གི་བུ་ཕྲུག་ལ་རྒྱུན་གཏན་ནས་བོད་སྐད་རྒྱག་དགོས་པ། འབྱུང་འགྱུར་བོད་ཡིག་སྦྱོང་སའི་ཁོར་ཡུག་བསྐྲུན་རྒྱུ་སོགས་ཀྱི་ལམ་སྟོན་དང་གསུང་བཤད་གནང་།
དེ་རྗེས་བོད་མི་རྣམས་ཀྱིས་དཀར་ཕྱོགས་རྒྱལ་བའི་ལྷ་སྲུང་རྣམས་ལ་བསང་གསོལ་དང་། དེ་བཞིན་གཞས་དང་ཞབས་བྲོ་སོགས་ཉིན་གཅིག་རིང་དགའ་སྤྲོའི་རྣམ་པས་མཛད་སྒོ་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་པ་རེད།
གཞན་ཡང་དོན་གཅོད་ལས་ཁུངས་ནས་ལམ་སྟོན་དང་། ཐའེ་ཝན་དགའ་ལྡན་ཤར་རྩེ་ནང་ཆོས་སློབ་གཉེར་ཁང་ནས་གཙོ་འགན་གོ་སྒྲིག་འོག་འདི་ཚེས་ ༡༡ ཉིན་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པར་འཛམ་གླིང་ཞི་བདེའི་རོལ་དབྱངས་འཁྲབ་སྟོན་གྱི་མཛད་སྒོ་རྒྱ་ཆེ་ཞིག་ཐའེ་ཝན་རྒྱལ་སྤྱིའི་ཚོགས་ཁང་ཆེན་མོའི་ནང་ཚུགས་གཏན་འཁེལ་ཡོད་པ་རེད། །