༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༤ རེས་གཟའ་སྤེན་པ་ཉིན་ཐའེ་ཝན་ཞོན་ཙང་གཙུག་ལག་སློབ་གྲྭ་ཆེན་མོའི་ཆོས་དང་རིག་གཞུང་ཚན་པ་དང་། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་གཙོ་འགན་ཐོག་ཞོན་ཙང་སློབ་ཆེན་ཚི་ཡུན་ཚོགས་ཁང་ནང་ཉིན་གཅིག་རིང་ ༼བོད་བརྒྱུད་ནང་བསྟན་གྱི་ཚད་མའི་གཞུང་དར་ཚུལ་དང་རྒྱ་སྐད་ཐོག་རྟགས་གསལ་གཏོང་ཐབས་ཀྱི་བགྲོ་གླེང་།༽ ཞིག་གོ་སྒྲིག་གནང་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་དབུ་འབྱེད་མཛད་སྒོ་བསྐྱངས་ཤིང་དགེ་འདུན་རྣམ་པས་རྒྱུན་ཆགས་གསུམ་པ་གསུང་འདོན་དང་འབྲེལ་ཞོན་ཙང་གཙུག་ལག་སློབ་ཆེན་གྱི་སློབ་སྤྱི་སྐུ་ཞབས་ཇན་ཧྲོ་ཇི་ལགས་ཀྱིས་གསུང་བཤད་གནང་གྲུབ་རྗེས། སློབ་གྲྭའི་ཕྱོགས་ནས་ཐེངས་འདིའི་ལས་འགུལ་གཙོ་འགན་བཞེས་མཁན་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་ཁྱེར་དང་། དེ་བཞིན་སློབ་གྲྭ་ཆེན་མོ་དེའི་ནང་བཙུགས་པའི་ཞོན་ཙང་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་བསྟི་གནས་ཁང་གི་འགན་འཛིན་དང་། འགན་འཛིན་གཞོན་པ། དྲུང་ཆེ་བཅས་བསྐོ་གཞག་གི་ཕྱག་ཁྱེར་གནང་།
དེ་རྗེས་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ལས་འགུལ་འདི་གོ་སྒྲིག་ཞུས་པའི་བརྒྱུད་རིམ་དང་། དགོས་པ་དམིགས་ཡུལ་སོགས་ངོ་སྤྲོད་གནང་རྗེས་སློབ་སྤྱི་མཆོག་དང་། གོང་གསལ་བོད་བརྒྱུད་ནང་བསྟན་ཞིབ་འཇུག་བསྟི་གནས་ཁང་གི་འགན་འཛིན་དང་། འགན་འཛིན་གཞོན་པ། དྲུང་ཆེ་བཅས་ལ་ཐུགས་རྗེ་ཆེ་ཞུའི་བོད་ལུགས་མཇལ་དར་ཕུལ།ཆེད་དུ་གདན་ཞུ་ཕུལ་བའི་སྐུ་མགྲོན་དགེ་ཆེ་ལིའུ་ཡུའུ་ཀོང་ལགས་ཀྱི་གསུང་བཤད་གྲུབ་མཚམས། ཐེངས་འདིའི་ལས་འགུལ་ཐོག་གཞོགས་འདེགས་གནང་མཁན་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་མཐུན་ཚོགས་ཀྱི་སྐུ་ཚབ་མཁན་པོ་ཚེ་དབང་རིག་འཛིན་ལགས་དང་། དཔལ་འབྱོར་གྱི་མཐུན་འགྱུར་གནང་མཁན་ཆོས་བརྒྱུད་རིས་མེད་འཛམ་གླིང་ཞི་བདེའི་བཀའ་ཆོས་སྨོན་ལམ་ཆེན་མོ་སྔོན་མའི་གོ་སྒྲིག་ཚོགས་ཆུང་གི་སྐུ་ཚབ་མགོན་པོ་རིན་པོ་ཆེ་མཆོག་གིས་གསུང་བཤད་དང་། ལས་འགུལ་གོ་སྒྲིག་གནང་མཁན་ཞོན་ཙང་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་བསྟི་གནས་ཁང་གི་འགན་འཛིན་དགེ་སློང་མ་ཀྲའོ་ཧུད་ལགས་ཀྱིས་བརྒྱུད་རིམ་དང་དམིགས་ཡུལ་སོགས་ངོ་སྤྲོད་གསུང་བཤད་གནང་།མཐའ་མ་དམིགས་བསལ་གདན་ཞུ་ཕུལ་བ་སྐུ་མགྲོན་གཙོ་བོ་ཇོ་ནང་བསྟན་པའི་གཙུག་རྒྱན་ངེས་དོན་བསྟན་པའི་རྒྱལ་ཚབ་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་༸ངག་དབང་ཆོས་ཀྱི་སྣང་བ་མཆོག་གིས་བཀའ་སློབ་བཀའ་དྲིན་བསྐྱངས་རྗེས། ཧ་ཤེན་རིན་པོ་ཆེ་མཆོག་དང་མཁན་པོ་དངོས་གྲུབ་རྒྱ་མཚོ་ལགས་ཀྱིས་བོད་སྐད་ཐོག་འཁོར་གསུམ་དང་བཅས་པའི་རྟགས་གསལ་གྱི་དཔེ་སྟོན་གནང་བ་རྒྱ་སྐད་ཐོག་ནས་ངོ་སྤྲོད་བཅས་གནང་། དབུ་འབྱེད་མཛད་སྒོ་གྲོལ་བ་དང་ཚོགས་ཞུགས་ཡོངས་དྲན་རྟེན་སྐུ་པར་མཉམ་སྒྲོན་དང་གསོལ་ཇའི་བར་གསེང་བཅས་ཡིན་པ་རེད།
ཚོགས་ཐེངས་གཉིས་པ་ཚད་མའི་གཞུང་དང་འབྲེལ་བའི་མཁས་པའི་དཔྱད་རྩོམ་སྒྲོགས་སྦྱང་གི་ཐོག་མར་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་སློབ་གཉེར་གནང་བཞིན་པ་ཐའེ་ཝན་བ་བློ་བཟང་བྱམས་ཆེན་ལགས་ཀྱིས་ཚད་མའི་གཞུང་རྒྱ་གར་ནས་རྒྱ་ནག་དང་བོད་ནང་དར་ཚུལ། རིམ་པས་རྒྱ་ནག་ནང་རྒྱུན་ཆད་དེ་བོད་ནང་རྒྱུན་འཛིན་ཐུབ་པ་མ་ཟད་རིགས་ལམ་གསར་གཏོད། དེ་རྗེས་བོད་མི་བཙན་བྱོལ་དུ་གྱར་རྗེས་མུ་མཐུད་འཛིན་སྐྱོང་སྤེལ་གསུམ་ཐུབ་པའི་སྐོར་གྱི་ཆེད་བཟོས་བརྙན་པར་གཟིགས་འབུལ་དང་ངོ་སྤྲོད། དུས་མཚུངས་ཁོང་གིས་བོད་ཡིག་ཐོག་ནས་རིགས་ལམ་དང་འབྲེལ་བའི་རྒྱ་ཡིག་དེབ་གྲངས་ ༡༤ ཙམ་ཡིག་སྒྱུར་པར་སྐྲུན་གནང་བ་བཅས་ངོ་སྤྲོད་གནང་།ཞོན་ཙང་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་བསྟི་གནས་ཁང་གི་འགན་འཛིན་དགེ་སློང་མ་ཀྲའོ་ཧུད་ལགས་ནས་ ༼བོད་བརྒྱུད་ནང་བསྟན་གྱི་ཕྱག་དཔེ་སློབ་གཉེར་གྱི་ལམ་ལུགས་དང་། ཚད་མའི་གཞུང་ལུགས་རྒྱ་མི་རིགས་ཁྲོད་བློ་སྒོ་འབྱེད་པ་དང་འབྱུང་འགྱུར་གྱི་འཆར་སྣང་།༽ ཞེས་པའི་བརྗོད་གཞིའི་ཐོག་ནས་གཏམ་བཤད་གནང་།
དེ་རྗེས་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ཆོས་དགེ་དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས་ཀྱིས་ ༼བོད་བརྒྱུད་ནང་བསྟན་ཚད་མའི་གཞུང་ལ་སློབ་གཉེར་གྱི་ལམ་ལུགས་དང་དེས་ཉམས་ལེན་ལ་ཕན་ནུས།༽ ཞེས་པའི་བརྗོད་གཞིའི་ཐོག་ནས་གཏམ་བཤད་གནང་།མཇུག་ཏུ་༸གོང་ས་མཆོག་གི་རྒྱ་སྐད་གསུང་སྒྱུར་འབུམ་རམས་པ་འཇམ་དབྱངས་རིན་ཆེན་ལགས་ཀྱིས་ ༼བོད་ཀྱི་རིགས་ལམ་སློབ་སྦྱོང་དང་། འཚོ་བའི་ནང་གི་དཀའ་ངལ་སེལ་ཐབས་དབར་གྱི་འབྲེལ་བ།༽ ཞེས་པའི་བརྗོད་གཞིའི་ཐོག་ནས་གཏམ་བཤད་གནང་རྗེས། ཚོགས་ཞུགས་ཡོངས་ལ་ཉིན་གུང་ཤ་མེད་སྟབས་བདེའི་གསོལ་ཚིགས་གོ་སྒྲིག་དང་དེ་རྗེས་པར་རིས་འགྲེམས་སྟོན་གོ་སྒྲིག་ཞུས། འགྲེམས་སྟོན་གྱི་ནང་དོན་ནི་ཚད་མ་རིག་པ་བོད་ནང་དར་ཚུལ་དང་། ས་དགེ་བཀའ་རྙིང་དང་བཅས་པའི་ནང་དར་སྤེལ་བྱུང་ཚུལ་སོགས་དང་། དེ་བཞིན་ཐའེ་ཝན་ནང་བོད་ཡིག་ཐོག་ཡོད་པའི་རིགས་ལམ་དང་འབྲེལ་བའི་རྒྱ་སྒྱུར་དེབ་གྲངས་ ༢༥ ཙམ་བཤམས་སྟོན་ཞུས་ཡོད་པ་རེད།ཕྱི་དྲོ་ཆུ་ཚོད་ ༢ པའི་ཐོག་ཚོགས་ཐེངས་གསུམ་པ་དབུ་འཛུགས་ཀྱིས་ཐོག་མར་ཐའེ་ཝན་གྱི་ལོ་ཙཱ་བ་བློ་བཟང་བྱམས་ཆེན་ལགས་ཀྱིས་མཚན་ཉིད་རྩོད་སྟངས་སྐོར་༼ཐ་སྙད་བེད་སྤྱོད་བྱ་སྟངས་དང་རིགས་ལམ།༽ ཞེས་པའི་བརྙན་ཐུང་སྤྱན་འབུལ་ཞུས་རྗེས་ངག་ཐོག་ནས་ཁོང་ཉིད་གདན་ས་ཆེན་པོར་བསླབ་པ་སློབ་གཉེར་བྱེད་སྐབས་ཀྱི་ཚོར་བ་དང་ཕན་ནུས་སོགས་ངོ་སྤྲོད་མཐིལ་ཕྱིན་ཞུས། དེ་རྗེས་རྒྱ་སྐད་ཐོག་ཚན་པ་དྲུག་ནས་གཞུང་ཆེན་བཀའ་པོད་ལྔ་གཞི་ལ་བཞག་ནས་དམ་བཅའ་བ་དང་རྟགས་གསལ་བཏང་རྗེས་ངོ་སྤྲོད་མདོར་བསྡུས་བཅས་གནང་། ཚན་པ་དང་པོ་རྒན་འཇམ་དབྱངས་ཀུན་དགའ་ལགས་དང་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་མཆོག་གིས་འདུལ་བ་དང་འབྲེལ་བའི་སྒོ་ནས་བགྲོ་གླེང་གནང་། དེ་རྗེས་རིམ་བཞིན་དགེ་བཤེས་ཆོས་དབང་ལགས་དང་མཁན་པོ་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་ཕར་ཕྱིན། དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས་དང་དགེ་བཤེས་བསྟན་པ་རྒྱལ་མཚན་ལགས་ནཀྱིས་དབུ་མ། དགེ་བཤེས་བློ་བཟང་ཚེ་རིང་ལགས་དང་དགེ་བཤེས་ཐུབ་བསྟན་ནོར་བུ་ལགས་ཀྱིས་ཚད་མ། དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་དང་དགེ་བཤེས་བློ་བཟང་ཡོན་ཏན་ལགས་ཀྱིས་མངོན་པ། ཐའེ་ཝན་གྱི་བོད་བརྒྱུད་ནང་བསྟན་སློབ་གཉེར་བ་བུད་མེད་ཧུ་ཤང་ཐིང་ལགས་དང་ཅུབ་ཤང་ཡུན་ལགས་ཀྱིས་རིགས་ལམ་ཆུང་ངུའི་ཁ་མདོག་དཀར་དམར་གྱི་རྣམ་གཞག་རྩོད་རྗེས་ཕྱི་དྲོའི་གསོལ་ཇའི་བར་གསེང་བཏང་།ཚོགས་ཐེངས་བཞི་པ་ཆུ་ཚོད་གཅིག་ལྷག་རིང་དྲི་བ་དྲིས་ལན་གྱི་དུས་ཚོད་ཡིན་པ་དང་། དེ་ཉིན་གཏམ་བཤད་གནང་མཁན་དང་། རྟགས་གསལ་གཏོང་མཁན་ཡོངས་སྡིངས་ཆའི་ཐོག་བཞུགས་རྗེས་ཚོགས་ཞུགས་པའི་དྲི་བར་ལན་འདེབས་གསལ་བཤད་བཅས་གནང་། མཐར་ཞོན་ཙང་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་བསྟི་གནས་ཁང་གི་འགན་འཛིན་དགེ་སློང་མ་ཀྲའོ་ཧུད་ལགས་ཀྱིས་མཇུག་བསྡོམས་གསུང་བཤད་དང་། ཚོགས་ཞུགས་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཉིན་གཅིག་གི་ལས་རིམ་ལེགས་པར་མཇུག་སྒྲིལ།ལས་འགུལ་སྤེལ་ཡུལ་སློབ་གྲྭ་དེ་བཞིན་སྤྱིའི་འགྲིམ་འགྲུལ་སྟབས་བདེ་མེད་པའི་ས་ཁུལ་ཞིག་ཏུ་ཆགས་ཡོད་ཀྱང་། དོ་སྣང་ཅན་ཧ་ཅང་མང་པོ་ཕེབས་ཡོད་པས་ཁྱོན་མི་གྲངས་སུམ་བརྒྱ་ཙམ་འཛོམས་ཡོད་པ་རེད། ཐེངས་དང་པོའི་ལས་འགུལ་དེ་འདྲ་སྤེལ་བའི་གྲུབ་འབྲས་ལ་བསྔགས་བརྗོད་ཆེན་པོ་གནང་མཁན་ཡོད་པ་མ་ཟད། ལས་འགུལ་ཆ་ཚང་དྲ་རྒྱའི་ཐོག་ཐད་གཏོང་ཡིན་པས་རྒྱ་ནག་སྐམ་ས་དང་། མ་ལེ་ཤེ་ཡ། ཨོ་སི་ཀྲི་ལི་ཡ་སོགས་ནང་གཏན་སྡོད་རྒྱ་མི་རིགས་ནས་དོ་སྣང་ཆེན་པོ་གནང་བ་དང་། ལྷག་པར་ཐེངས་འདིའི་ལས་འགུལ་གྱི་ནང་དོན་ཆ་ཚང་དོན་གཅོད་ལས་ཁུངས་ནས་དེབ་གཟུགས་ཐོག་ལག་དེབ་སྤུས་ལེགས་པར་སྐྲུན་གྱིས་འགྲེམས་སྤེལ་དང་། དྲ་རྒྱའི་ཐོག་གློག་རྡུལ་དཔེ་དེབ་བརྒྱུད་གཏོང་བྱས་པར་དགའ་མོས་བྱེད་མཁན་ཡང་ཧ་ཅང་བྱུང་པོ་བྱུང་ཡོད་པ་བཅས། །