༄༅། །ཕྱི་ལོ་ ༢༠༡༨ ལོར་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གྱི་སེབ་ཁྲ་ཟེར་བའི་གནས་རིར་རྒྱ་ནག་གཞུང་གིས་ལམ་ཁ་བཟོ་རྒྱུར་ཁ་གཡར་ཏེ་གཏེར་ཁ་བསྔོག་འདོན་བྱེད་སྐབས་ས་གནས་ཡུལ་མི་རྣམས་ཀྱིས་བཀག་འགོག་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཞི་རྒོལ་གནང་མཁན་བོད་མི་གང་ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་ཁོངས་རང་ལོ་ ༥༠ ཡིན་པའི་དོན་རྒྱལ་ལགས་ལ་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་ཀྱང་ད་ཆ་ཁོང་འབྲི་རུ་རྫོང་གི་བཙོན་ཁང་ནང་བཙོན་འཇུག་བྱས་ཡོད་པ་དང་། བཙོན་ཁང་ནང་ཉེས་བརྡུང་དྲག་པོ་བཏང་རྐྱེན་གཟུགས་པོ་གཅོང་ཅན་དུ་གྱུར་ཡོད་པ་མ་ཟད། ཚེ་སྲོག་ལའང་ཉེན་ཁ་ཡོད་འདུག
དོན་རྒྱལ་ལགས་ནི། ཤག་ཆུ་གྲོང་རྡལ་བྲག་ར་གྲོང་ཚོ་ནས་ཡིན་པ་དང་། དེ་སྔ་འཛིན་བཟུང་མ་བྱས་གོང་འབྲི་རུ་རྫོང་དུ་ཚོང་གཉེར་གནང་བཞིན་པའི་ཐོག་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཐེངས་མང་སྤེལ་བར་ས་གནས་སྲིད་གཞུང་གིས་ཕྱི་ལོ་ ༢༠༡༣་་་༢༠༡༤ ཙམ་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་གཟེངས་རྟགས་ཀྱང་ཐོབ་མྱོང་ཡོད་པ་ཞིག་རེད་འདུག་པ་བཅས། །