༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༡ རེས་གཟའ་སྤེན་པ་ཉིན་བྷོ་སི་ཊོན་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་ས་གནས་བོད་མི་རྣམས་ཀྱིས་བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ཧྲིལ་པོ་ ༣༢ འཁོར་བའི་དུས་ཚིགས་ཁྱད་པར་ཅན་སྲུང་བརྩི་ཞུས་ཡོད་པ་དང་། དུས་དྲན་མཛད་སྒོར་སྐུ་མགྲོན་གཙོ་བོ་བྷོ་སི་ཊོན་སེལ་ཊིག་སི་ (Boston Celtics) རུ་ཁག་ནས་ཡིན་པ་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་སྐུ་ཞབས་ཨེ་ནེ་སི་ཀེན་ཊར་ (Enes Kanter) ལགས་ཀྱིས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་བློ་བཟང་སེངྒེ་མཆོག་སོགས་ཕེབས་ཡོད།
དེ་ཡང་སྐུ་མགྲོན་གཙོ་བོ་བྷོ་སི་ཊོན་སེལ་ཊིག་སི་རུ་ཁག་ནས་ཡིན་པ་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་སྐུ་ཞབས་ཨེ་ནེ་སི་ཀེན་ཊར་ལགས་ཀྱིས་མཛད་སྒོའི་སྐབས་བྷོ་སི་ཊོན་ས་གནས་བོད་མི་རྣམས་ལ་རང་ཉིད་ཀྱི་མི་ཚེའི་རྒྱབ་ལྗོངས་སྐོར་ངོ་སྤྲོད་གནང་སྐབས་གསུང་དོན། ང་རང་སུད་སི་ནས་སྐྱེས་ཤིང་། ཕ་ཡུལ་ཏུར་ཀི་ (Turkey) ནས་ཡིན། ང་ལོ་ ༡༧ ཡིན་པའི་སྐབས་ཏེ་ཕྱི་ལོ་ ༢༠༠༩ ལོར་ཨ་རིར་སླེབས་པ་ཡིན། ཕྲན་རང་ཨ་རིར་སླེབས་རྗེས་ནང་པའི་གྲོགས་པོ་ཞིག་དང་ཐུག་འཕྲད་བྱུང་བ་ད་ལྟ་ངས་དྲན་སོས་ཀྱི་འདུག ཨ་རིར་མ་བསླེབ་གོང་ངའི་མི་ཚེ་ནང་དུ་ནང་པ་ཞིག་ལ་ཐུག་མྱོང་མེད། ཨ་རིའི་ནང་ཡོད་པའི་ངའི་ནང་པའི་གྲོགས་པོ་ཁོང་གིས་བོད་མིའི་ཆོས་དང་རིག་གཞུང་། དེ་བཞིན་བོད་མིའི་སྐོར་ངོ་སྤྲོད་གནང་བྱུང་། ངས་གྲོགས་པོ་ཁོང་དང་ལྷན་དུ་གླེང་མོལ་བྱས་སྐབས་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་རིག་གཞུང་། ཞལ་ལག བོད་ནང་གི་བོད་མིའི་སྐོར་འགྲེལ་བརྗོད་གནང་བྱུང་། ཁོང་གིས་འགྲེལ་བརྗོད་གནང་བ་དེས་ང་རང་ལ་དངོས་གནས་དྲང་གནས་སེམས་ཤུགས་བསྐྱེད་དུ་བཅུག་སོང་། ངས་རང་ཉིད་ཀྱི་གྲོགས་པོ་ཁོང་བརྒྱུད་ནས་དང་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྐོར་ཤེས་རྟོགས་བྱུང་། དེ་ནས་བཟུང་ངས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྗེས་སུ་འབྲངས་པ་ཡིན། ཞེས་དང་།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དེ་དག་གིས་རང་ཉིད་ལ་དངོས་གནས་དྲང་གནས་སེམས་འགུལ་ཐེབས་བཅུག་སོང་། ངས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་སྐོར་དང་། བོད་མི་རྣམས་བརྒྱུད་རིམ་ཅི་འདྲ་ཞིག་བརྒྱུད་ནས་འགྲོ་བཞིན་པའི་སྐོར་བཀླགས་པ་ཡིན། ངས་མཐོང་བའི་༧གོང་ས་མཆོག་གི་བཀའ་སློབ་དེ་དག་ནི་གཙོ་བོ་མཐུན་སྒྲིལ་དང་། བྱམས་སྙིང་རྗེ། སེམས་པ་བཟང་པོ། བརྩེ་བ་བཅས་ཀྱི་སྐོར་རེད། ༧གོང་ས་མཆོག་གི་བཀའ་སློབ་དེ་དག་གི་ཁྲོད་ནས་རང་ཉིད་ལ་ཆེས་སེམས་འགུལ་ཐེབས་ཤོས་གཅིག་ནི། ང་ཚོ་ཆོས་ལུགས་དང་རིག་གཞུང་། ཤ་མདོག་བཅས་མི་འདྲ་བ་ཡོང་ཆོག་གི་རེད། འོན་ཀྱང་འགྲོ་བ་མིའི་མི་ཚེའི་ནང་ཆེས་གལ་ཆེ་ཤོས་ནི། ཆོས་ལུགས་དང་རིག་གཞུང་། ཤ་མདོག་བཅས་མི་འདྲ་བ་ཡོད་པ་དེ་དག་ཅོག་ཙེ་སྟེང་དུ་བཞག་ནས་ང་ཚོར་ཐུན་མོང་གི་ཁེ་ཕན་ཅི་ཞིག་ཡོད་པ་དེ་འཚོལ་ཐབས་བྱེད་དགོས་། ང་ཚོས་འཛམ་གླིང་འདི་ཉིད་ཇི་ལྟར་ཞི་བདེ་ལྡན་པ་ཞིག་བསྐྲུན་རྒྱུ་ཡིན་ནམ། གནད་ཚིག་གཙོ་བོ་ནི་མཉམ་རུབ་ཅེས་པའི་བཀའ་སློབ་དེ་རེད། ཅེས་འགྲེལ་བརྗོད་གནང་ཡོད།གཞན་ཡང་ཁོང་གིས་སྤྱི་ཚོགས་ཀྱི་བདེ་དོན་སླད་ཞབས་འདེགས་ཇི་ལྟར་བསྒྲུབ་རྒྱུ་ཡིན་པའི་སྐོར་དང་འབྲེལ་ནས་གསུང་དོན། འདི་ལོའི་དབྱར་ཀར་ངས་བོད་མི་རྣམས་བརྒྱུད་རིམ་ཅི་འདྲ་ཞིག་བརྒྱུད་ནས་འགྲོ་བཞིན་པ་དང་། ཡུ་གུར་མི་རིགས་རྣམས་བརྒྱུད་རིམ་ཅི་འདྲ་ཞིག་བརྒྱུད་ནས་འགྲོ་བཞིན་པ། ཧོང་ཀོང་མི་རིགས་རྣམས་བརྒྱུད་རིམ་ཅི་འདྲ་ཞིག་བརྒྱུད་ནས་འགྲོ་བཞིན་པ་བཅས་ཀྱི་སྐོར་སློབ་སྦྱོང་བྱས་པ་ཡིན། འདས་པའི་ལོ་ངོ་བཅུའི་རིང་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་ (National Basketball Association) ནང་བསྡད་པའི་རིང་ངས་བོད་དང་། ཡུ་གུར། ཧོང་ཀོང་བཅས་ཀྱི་དཀའ་རྙོག་ཐོག་གང་ཡང་མ་བྱས་སྟབས་རང་ཉིད་ངོ་ཚ་བོ་བྱུང་། ངས་དེ་སྔོན་དཀའ་རྙོག་འདི་ཚོའི་སྐོར་ག་རེ་བྱས་ནས་མ་གླེང་བ་ཡིན་ནམ་ཞེས་རང་ཉིད་ལ་དྲི་བ་བཏང་རྒྱུ་བྱུང་། དེ་ནས་བཟུང་ངས་སྨྲ་བརྗོད་ཀྱི་རང་དབང་མེད་པའི་ཉེས་མེད་མི་མང་རྣམས་ཀྱི་ཆེད་དུ་ལས་འགུལ་ཅི་ཐུབ་སྤེལ་རྒྱུའི་ཐག་གཅོད་བྱས་པ་ཡིན། ཞེས་འགྲེལ་བརྗོད་གནང་ཡོད།སྐབས་དེར་ས་གནས་བོད་རིགས་སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ཧྲིལ་པོ་ ༣༢ འཁོར་བའི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
མཐར་བྷོ་སི་ཊོན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཕུན་ཚོགས་ལགས་ཀྱིས་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་པ་སྐུ་ཞབས་ཨེ་ནེ་སི་ཀེན་ཊར་ལགས་མཛད་སྒོར་ཕེབས་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས།།