༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༠ རེས་གཟའ་ཟླ་བ་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ཨན་ཊོ་ནེ་བྷི་ལིན་ཀེན་ (Antony J. Blinken) མཆོག་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ལས་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya ) མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད།
དེ་ཡང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ཨན་ཊོ་ནེ་བྷི་ལིན་ཀེན་མཆོག་གིས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༠ ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ངས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ལས་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་ཞུས་པ་ཡིན། ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་གིས་ལས་འགན་གལ་ཆེན་དེ་འཕྲལ་དུ་ཐུགས་འགན་བཞེས་གནང་རྒྱུ་ཡིན་པ་མ་ཟད། ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡༤ ཉིན་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་གིས་དམ་འབུལ་ཞུས་པ་བཞིན་མུ་མཐུད་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་གི་མཛད་འགན་ཡང་བཞེས་གནང་རྒྱུ་ཡིན་ཞིང་། ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་གིས་བོད་དོན་དང་འབྲེལ་བའི་ཨ་རི་གཞུང་གི་སྲིད་བྱུས་དང་། ལས་གཞི་ཁག་ཨ་རི་གཞུང་གིས་གཏན་འབེབས་གནང་བའི་བོད་དོན་སྲིད་བྱུས་ཕྱི་ལོ་ ༢༠༠༢ (Tibetan Policy Act of 2002) ཞེས་པ་བསྐྱར་བཅོས་ཀྱིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ (Tibetan Policy and Support Act of 2020) ཞེས་གཏན་འབེབས་གནང་བ་གཞིར་བཟུང་འབྲེལ་མཐུད་གནང་རྒྱུ་དང་། ལྷག་པར་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་གིས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་བམ་མང་གཙོའི་ལམ་ནས་བདམས་ཐོན་བྱུང་བའི་བོད་མིའི་དབུ་ཁྲིད་རྣམ་པ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་དབར་བོད་དོན་གྲོས་མཐུན་ཡོང་སླད་རྒྱབ་སྐྱོར་དང་གྲོས་མོལ་གོང་མཐོར་སྤེལ་གནང་གི་རེད། ཅེས་དང་།
གཞན་ཡང་ལྕམ་སྐུ་མཆོག་གིས་བོད་མིའི་ཐུན་མོང་མིན་པའི་ཆོས་དང་རིག་གཞུང་། སྐད་ཡིག ལོ་རྒྱུས་ཀྱི་ཤུལ་དངོས་བཅས་མི་ཉམས་རྒྱུན་འཛིན་དང་། ཆོས་དད་རང་དབང་ཆེད་དུ་རྒྱབ་སྐྱོར་གནང་རྒྱུའི་མཚོན་པའི་འགྲོ་བ་མིའི་ཐོབ་ཐང་དང་བོད་མིའི་གཞི་རྩའི་རང་དབང་བཅས་ལ་བརྩི་བཀུར་དང་གོང་མཐོར་སྤེལ་གནང་རྒྱུ་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་གིས་ཨ་རི་གཞུང་གིས་བཙན་བྱོལ་བོད་མིའི་དགོས་མཁོའི་དཀའ་ངལ་སེལ་བཞིན་པར་རྒྱབ་སྐྱོར་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཨ་རི་ཚུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་གནས་སྡོད་བྱེད་བཞིན་བཙན་བྱོལ་བོད་མི་རྣམས་ལ་སྡིགས་ར་སྐུལ་བཞིན་པའི་དཀའ་ངལ་སེལ་སླད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་མ་ཟད། བོད་མཐོ་སྒང་གི་རང་བྱུང་ཐོན་ཁུངས་དང་། ཁོར་ཡུག ཆུ་བོ་རྣམས་ཡུན་གནས་ཆེད་དུ་སྲུང་སྐྱོབ་དང་གོང་མཐོར་གཏོང་རྒྱུ། དེ་བཞིན་རྒྱུན་དུ་ཨ་རིའི་ཕྱི་ལོ་ ༢༠༡༨ ལོའི་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་(Reciprocal Access to Tibet Act of 2018) གཞིར་བཞག་ཐོག་ཨ་རིའི་གཞུང་གི་ལས་བྱེད་དང་། གསར་འགོད་པ། ཨ་རིའི་མི་སེར་བཅས་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་གོང་མཐོར་སྤེལ་རྒྱུ་དང་། དེ་བཞིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་གིས་ཨ་རིའི་གྲོས་ཚོགས་དང་། ཨ་རིའི་རྒྱལ་སྤྱིའི་ཕྱོགས་གཏོགས་དང་། མཉམ་འབྲེལ། སྤྱི་དམངས་ཚོགས་སྡེ་བཅས་ཀྱི་སྐུ་ཚབ་རྣམས་དང་། བོད་མིའི་ཆོས་དང་རིག་གཞུང་། ཆབ་སྲིད་བཅས་ཀྱི་དབུ་ཁྲིད་རྣམ་པ་བཅས་དང་ལྷན་དུ་བོད་དོན་སྐོར་རིག་པ་སྒྲིམ་ནས་ཕྱག་ལས་གནང་རྒྱུ་རེད། ཅེས་འཁོད་ཡོད།ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་ཚོགས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་ (Marco Rubio) མཆོག་དང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་པེ་ཊི་རིག་ལི་ཧེ་ (Patrick Leahy) མཆོག ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་ཚོགས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཁིར་སི་སི་མི་ཐི་ (Chris Smith) མཆོག་བཅས་ཀྱིས་དབུ་ཁྲིད་དེ་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་གྲངས་ ༦༠ ཙམ་གྱིས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༤ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ལས་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་ལ་ཕྱག་བྲིས་ཤིག་ཕུལ་ཏེ་ཨ་རིའི་གྲོས་ཚོགས་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོ་བཱཡི་ཌེན་ (Joe Biden) མཆོག་གི་འཛིན་སྐྱོང་མཉམ་འབྲེལ་གྱིས་བོད་དོན་ཆེད་དུ་ཕྱག་ལས་གནང་ཕྱོགས་ཀྱི་སྒྲོམ་གཞི་ཞིག་བཟོས་ཡོད་པ་གཤམ་གསལ།
༡། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་འབྲེལ་བ་ཞུ་རྒྱུ།
༢། བོད་མིའི་སྒྲིག་འཛུགས་དང་ལྷན་དུ་འབྲེལ་བ་གཏིང་ཟབ་གཏོང་རྒྱུ།
༣། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་གནང་རྒྱུ།
༤། བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཀྱི་སྐུ་ཚབ་གནང་སྟེ་ཞུ་གཏུག་གནང་རྒྱུ།
༥། བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་སྤྲོད་དགོས་པའི་འབོད་སྐུལ་གནང་རྒྱུ།
༦། བོད་རྒྱའི་གྲོས་མོལ་ཡོང་ཐབས་སུ་ཆབ་སྲིད་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་གནང་རྒྱུ།
༧། བོད་ཀྱི་སྲིད་དོན་གྱི་གནས་བབ་དཀའ་ངལ་སེལ་མེད་པ་དེ་བསྐྱར་དུ་གསལ་བསྒྲགས་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲོད་དགོས་པའི་འབོད་སྐུལ་གནང་རྒྱུ།
༨། བལ་ཡུལ་ནང་བཙན་བྱོལ་བོད་མི་རྣམས་ལ་དཀའ་ངལ་འཕྲད་བཞིན་པ་སེལ་ཐབས་གནང་རྒྱུ།
༩། བོད་མིའི་རིག་གཞུང་དང་སྐད་ཡིག་ལ་རྒྱབ་སྐྱོར་གནང་རྒྱུ།
༡༠། བོད་དོན་དང་འབྲེལ་བའི་སྲིད་བྱུས་གཏན་འབེབས་གནང་སྐབས་ཕྱོགས་མང་པོའི་མཉམ་དུ་འབྲེལ་མཐུད་གནང་དགོས། ཞེས་བཟོས་གནང་ཡོད།
ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་ནི། ཨ་རིའི་ཇོར་ཇི་ཊོན་གཙུག་ལག་སློབ་གཉེར་ཁང་ (Georgetown Univeristy) ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ལེགས་པར་ཐོན་ཞིང་། ཁོང་གིས་ཕ་རཱན་སི་དང་། སི་པན། སཽ་དྷི་ཨ་རཱབ་བཅས་ཀྱི་སྐད་ཡིག་མཁྱེན་གྱི་ཡོད། ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་ལ་ལོ་ངོ་ ༣༠ ལྷག་གི་རྒྱལ་སྤྱིའི་གནད་དོན་དང་འབྲེལ་བའི་ལས་ཀའི་ཉམས་མྱོང་ཡོད། ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་ནི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཐེངས་བདུན་པ་དེ་ཆགས་ཡོད།
ཨ་རིའི་གཞུང་གིས་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་ཡོད་པ་བཅས།།