༄༅། །རྒྱ་གར་རྩ་མཆོག་གྲོང་དུ་ཡོད་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Bharat Tibbat Samvad Manch) འབྲེལ་མཐུད་པ་འབུམ་རམས་པ་ཤཱུབ་ལཱལ་ཤཱ་ (Dr. Shubhlal Shah) ལགས་ཀྱིས་ཨུ་དིཏ་ནཱ་རཱ་ཡཎ་མཐོ་སློབ་ (Udit Narayan PG College) ཀྱི་སློབ་སྤྱི་འབུམ་རམས་པ་མཱམ་ཏ་མ་ཎི་ཏྲི་པཱ་ཋཱི་ (Mamta Mani Tripathi) ལགས་ཀྱི་བཀའ་འཁྲོལ་འོག་མཐོ་སློབ་ཏུ་རྒྱ་དཀར་ནག་གི་འབྲེལ་བའི་ནང་བོད་ཀྱི་ཆ་རྐྱེན་ཞེས་པའི་བརྗོད་གཞིའི་ཐོག་བོད་ཀྱི་ཉིན་མོ་གོ་སྒྲིག་ཞུས་ཡོད་པ་དང་། དུས་སྟོན་གོ་སྒྲིག་ཞུ་ཡུལ་པཌརཽ་ནཱ་(Padrauna) ཞེས་པའི་གྲོང་ཁྱེར་ནི་གོ་རཱཁ་པུར་ (Gorakhpur) གྱི་ཤར་ཕྱོགས་སུ་ཀི་ལོ་མི་ཊར་དགུ་བཅུ་གོ་བརྒྱད་ཀྱི་མཚམས་ན་ཆགས་ཡོད་པ་རེད།དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་བགྲེས་ཡོལ་ལ་ཕེབས་པའི་ས་ཁམས་རིག་པའི་སློབ་དཔོན་འབུམ་རམས་པ་སི་བྷི་སིངྒ་ (C B Singh) ལགས་ཀྱིས་ཁོང་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་གཙོས་བོད་ཀྱི་མཁས་དབང་དང་འབྲེལ་བ་བྱུང་ཚུལ་དང་། དེ་ལ་བརྟེན་ནས་རྒྱ་གར་ནས་དར་བའི་རིག་གནས་ལ་བོད་མིས་ཉམས་ལེན་བྱས་དང་བྱེད་བཞིན་པ་གཏིང་ཟབ་གོ་རྟོགས་བྱུང་བའི་སྐོར་གསུངས་པ་མ་ཟད། གཞན་ཡང་ཁོང་གིས་སློབ་གཉེར་བ་རྣམས་ནས་སློབ་ཚན་དེ་དག་ལ་བསྐྱར་སྦྱོང་བྱས་ཏེ་ཇི་ལྟར་བོད་མི་རྣམས་ཀྱིས་དུས་རབས་མང་པོའི་རིང་རྒྱ་གར་གྱི་སྲོལ་རྒྱུན་རིག་གནས་བདག་ཉར་བྱས་ཚུལ་ཤེས་པ་བྱེད་དགོས་ཞེས་འབོད་སྐུལ་གནང་ཡོད།ཨུ་དིཏ་ནཱ་རཱ་ཡཎ་མཐོ་སློབ་ཀྱི་སློབ་སྤྱི་འབུམ་རམས་པ་མཱམ་ཏཱ་མ་ཎི་ཏྲི་པཱ་ཋཱི་ (Mamta Mani Tripathi) ལགས་ཀྱིས་དུས་སྟོན་གྱི་བརྗོད་བྱ་དང་། ཁོང་རང་ཉིད་ནས་རྒྱ་གར་དང་བོད་ཀྱི་འབྲེལ་ལམ་སྐོར་མཁྱེན་རྟོགས་བྱུང་བའི་ཉམས་མྱོང་སྐོར་གསུངས་པ་དང་སྦྲགས། རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་བོད་ཀྱི་འདས་པ་དང་ད་ལྟའི་གནས་སྟངས་སྐོར་དང་། བོད་མིའི་སྒྲིག་འཛུགས་ནས་མི་ལོ་བཅུ་ཕྲག་དྲུག་ལྷག་རིང་འབད་འབུངས་འཐབ་རྩོད་བྱས་ཚུལ་ངོ་སྤྲོད་གནང་། འབུམ་རམས་པ་ཤཱུབ་ལཱལ་ཤཱ་(Shubhlal Shad) ལགས་དང་། ཁེ་ལས་བཟོ་ཚོང་ཁང་(Safe Hands Advanced Life Care) གི་ངེས་སྟོན་པ་འབུམ་རམས་པ་གི་རཱིཤ་ཀུ་མཱར་སིངྒ་(Girish Kumar Singh) ལགས་རྣམ་གཉིས་ཀྱིས་བོད་དང་རྒྱ་གར་གྱི་རིག་གཞུང་དང་། དེ་དང་འབྲེལ་བའི་སྣོད་བཅུད་ཀྱི་གལ་གནད་སྐོར་འགྲེལ་བརྗོད་གནང་ཡོད། དེ་རྗེས་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་གསུང་བཤད་ནང་མཐོ་སློབ་དང་། དེའི་སློབ་སྤྱི་གཙོས་འཛིན་སྐྱོང་བ་རྣམས་ནས་པཌ་རཽ་ནཱ་རུ་ལོ་རྒྱུས་རང་བཞིན་ལྡན་པའི་དུས་སྟོན་ཚོགས་པར་རྒྱབ་སྐྱོར་ཞོགས་འདེགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཚོགས་བཅར་བ་རྣམས་ལ་བོད་ཀྱི་གནའ་བོའི་དུས་ནས་ཕྱི་ལོ་ ༡༩༥༠ བར་ཏེ་རྒྱ་ནག་གི་བཙན་བཟུང་མ་བྱས་བར་གྱི་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་ཡོད། མཛད་སྒོར་ས་ཁམས་དང་ཆབ་སྲིད་རིག་པའི་སྡེ་ཚན་གྱི་སློབ་གཉེར་བ་གཙོ་བོར་གྱུར་བའི་སློབ་གཉེར་བ་ལྔ་བརྒྱ་ཙམ་མཉམ་ཞུགས་བྱས་ཡོད་ཅིང་། མཛད་སྒོའི་མཇུག་ཏུ་དྲི་བར་ལན་འདེབས་ཀྱི་དུས་ཚོད་ཀྱང་གོ་སྒྲིག་ཞུས་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།